website templates free download

Table

རྣམ་དཔྱོད།
Discernment

སྒྲོན་མེའི་འོད་ཇི་ཙམ་གསལ་པོ་ཡོད་པ་དེ་ཙམ་གྱི་ཉེ་འཁོར་གྱི་དངོས་པོ་རྣམས་གསལ་པོ་མཐོང་ཐུབ། དེ་བཞིན་དུ་མིའི་རྣམ་དཔྱོད་ཇི་ཙམ་ཆེ་ན། དེ་ཙམ་གྱིས་དངོས་པོའི་གནས་ལུགས་རྣམས་རྟོགས་ཐུབ། གནས་སྟངས་བྱེ་བྲག་པ་ཞིག་ལ་རང་གི་གོ་རྟོགས་དོན་དངོས་དང་མཐུན་ཏེ་ཆ་ཚང་བ་ཞིག་ཏུ་འགྱུར་རོ། །
Competency ten: The brighter the candle light, the better it illuminates the things around it. Similarly, the greater one’s discernment, the more reaistically and complete one’s understanding of any given situation will be.

༡༠། རྣམ་དཔྱོད།

སྒྲུང་།

བློ་གྲོས་ཀྱིས་བཏུལ་བ།

ནགས་ཚལ་སྟུག་པོའི་ཁྲོད་དུ་རི་བོང་མང་པོ་ཞིག་གནས་ཡོད་པ་དེ་ཚོ༑ བར་ཐག་མི་རིང་བའི་ས་ན་མཚོ་ཆུང་ཆུང་ཞིག་ཡོད་པ་དེར་ཆུ་འཐུང་བ་ལ་སོགས་མཚོ་དེའི་ཉེ་འདབས་སུ་འཁོར་ཞིང་འཚོ་བ་སྐྱེལ་བཞིན་ཡོད། ཉིན་ཞིག་དཔྱིད་ཀའི་ཚད་པས་གདུངས་པའི་གླང་པོ་ཆེའི་ཁྱུ་ཚོགས་དེར་སླེབས་ཏེ། རྫིང་བུ་དེ་བརྫིས་བ་དང་གནོད་བསྐྱལ་ཏེ་རི་བོང་རྣམས་ཀྱང་ས་དེ་ནས་ཕུད།

དེ་ནས་རི་བོང་ཐམས་ཅད་མཉམ་དུ་འཚོགས་ཏེ། གང་འདྲ་བྱེད་རྒྱུའི་ཐད་གྲོས་བསྡུར་བྱས་ཤིང་། རི་བོང་གཅིག་གིས། “ང་ལ་ཐབས་ཡོད། ཁྱོད་རྣམས་ཀྱིས་ང་ཧ་ཅང་མཐོ་བའི་ཤིང་སྡོང་ཞིག་གི་རྩེར་སྐྱོལ་ཅིག” ཅེས་བཤད་པ་ལྟར། རི་བོང་ཐམས་ཅད་ཀྱིས་ཁོ་ཤིང་སྡོང་མཐོན་པོའི་རྩེར་བསྐྱལ།

དེ་ནས་གླང་ཆེན་གྱི་ཚོགས་རྣམས་དེར་འཚོགས་པས་རི་བོང་དེས་སྐད་གསང་མཐོན་པོས། “ཝ་ཡེ། ཁྱོད་ཚོ་སྡོད་ཚུགས་ཤིག” ཅེས་བཤད་པར། གླང་ཆེན་དེ་རྣམས་ཀྱིས་གདོང་གྱེན་དུ་ཕྱོགས་ནས། “ཁྱེད་སུ་ཡིན།” ཞེས་དྲིས།

རི་བོང་དེས། “ང་སྐལ་ལྡན་ཟླ་བའི་བང་ཆེན་ཡིན། ཟླ་བས་ང་འདི་ཕྱོགས་སུ་ཆེད་དུ་མངགས་ནས་བཀའ་འདི་ལྟར་ཡོད་པ་སྟེ། ཁོང་གི་གྲོད་ཁོག་ལ་གནས་པའི་སྲོག་ཆགས་གཞན་དང་མི་འདྲ་བ་རྣམས་ཡུལ་འདི་ནས་ཕྱིར་འབུད་བྱས་ན། ཁྱོད་རྣམས་ལ་ཉི་མའི་ཚ་ཟེར་འཕྲོས་ཏེ་སྲེག་པར་བྱེད་རྒྱུ་ཡིན་ཞེས་གསུང་གིན་གདུག” ཅེས་བཤད་པ་དང་། ཡང་རི་བོང་དེས་གླང་ཆེན་རྣམས་ལ་སྤྲིན་གསེབ་ཏུ་མི་གསལ་བར་འོད་ཉམས་ཏེ་གནས་པའི་ཚེས་བཅུ་བཞིའི་ཟླ་བ་དེ་བསྟན་ནས། “ལྟོས་དང་། ཟླ་བ་འདི་ནི་ཁྱོད་རྣམས་ལ་ཁྲོས་ཏེ་ལྡབ་གཉིས་ཆེ་རུ་སོང་མི་འདུག་གམ། ཁྱོད་རྣམས་བསྲེགས་ནས་འཆི་བར་མི་འདོད་ན་ངའི་སྐད་ཆར་ཉོན་ཅིག ངའི་རིགས་ལ་གནོད་འཚེ་མ་བྱེད་ཅིག” ཅེས་བཤད།

དེར་བརྟེན། གླང་ཆེན་རྣམས་གྲོས་བྱས་ཏེ། “དེ་ལྟར་ཞུ་ཡི་ཡིན།” ཞེས་ཁས་བླངས། རི་བོང་དེས། “འོ་ན། ང་ཁྱོད་ཀྱི་མགོ་ལ་འབབ་ཀྱི་ཡིན།” ཞེས་བཤད་དེ་མར་མཆོངས་ནས་སྤྲིན་དང་བྲལ་བའི་ཟླ་བ་དེ་གླང་པོ་ཆེའི་ཚོགས་ལ་བསྟན་ཏེ། “ད་ནི་སྐལ་ལྡན་ཟླ་བ་ཁྱོད་རྣམས་ལ་ཁྲོས་མི་འདུག ཁྱོད་རྣམས་བདེ་བར་སོང་ཞིག རྗེས་སུ་འདིར་སླར་མ་ཡོང་།” ཞེས་བཤད་པས་གླང་ཆེན་རྣམས་རང་རང་གི་སྡོད་གནས་སུ་བདེ་བར་སོང་བ་རེད།

གོ་དོན།

བཟང་ངན་རྣམ་པར་འབྱེད་པའི་ཤེས་རབ།

དཔེ་མཚོན།

བབློན་པོ་མགར་སྟོང་བཙན་གྱིས་རྒྱ་བཟའ་བོད་ཀྱི་རྒྱལ་པོའི་བཙུན་མོར་ཐོབ་ཆེད་རྣམ་དཔྱོད་ཀྱི་རྩལ་བཏོན་པ་ལྟ་བུ།

གྲུབ་ཐོབ་ཐང་སྟོང་རྒྱལ་པོས་བོད་ཀྱི་གཙང་པོ་ཁག་ལ་ལྕགས་ཟམ་བསྐྲུན་པའི་རིག་རྩལ་བཏོན་པ་ལྟ་བུ།

༧གོང་ས་མཆོག་གིས།

གལ་སྲིད་ཆབ་སྲིད་པ་རྣམས་ཀྱིས་འབྱུང་སྲིད་པའི་འབྲས་བུར་བསམ་བློ་ཞིབ་ཚགས་མ་བཏང་བར་རང་གི་ལུང་པ་དམག་ལ་དྲངས་ན། ཐ་ན་སོ་སོའི་ཀུན་སློང་ལྷག་བསམ་ཟོལ་མེད་ཀྱི་སྙིང་རྗེའི་རང་བཞིན་ཞིག་ཡིན་ནའང། གྲུབ་འབྲས་ནི་ཆག་སྒོར་འགྱུར་སྲིད།

བསམ་བློའི་སྦྱོང་བརྡར།

ནོར་འཁྲུལ་ཕལ་ཆེ་བ་ནི། མི་ཤེས་པའི་དབང་གིས་བྱུང་བ་ཤ་སྟག་ཡིན། དེས་ན། བླང་དོར་ཇི་བཞིན་ཤེས་པའི་རྣམ་དཔྱོད་ནི། བྱ་བ་གང་ལ་འཇུག་ཀྱང་སྒེར་དང་སྤྱི་ཚོགས་ཀྱི་འཕྲལ་ཕུགས་ཀྱི་འབྲས་བུ་བཟང་ངན་ཇི་ཡོང་ལ་བསམ་བློ་གཏོང་ཤེས་པ་དང་། འབྲས་བུ་བཟང་ངན་ནི་རྒྱུ་བཟང་ངན་ལ་རག་ལས་ཤིང་། དེ་ཡང་ཀུན་སློང་བཟང་ངན་ལ་ཐུག་པ་ཡིན། མཐར་གཏུག་ན་ཀུན་སློང་ཡང་སེམས་ལ་ཐུག་ཡོད་པ་ཤེས་པར་བྱས་ནས། ཤེས་རབ་ཀྱི་རྩལ་གོང་འཕེལ་ཡོང་ཆེད་བརྟག་དཔྱད་བྱས་ཏེ་དཔྱད་སྒོམ་ཡང་ཡང་བྱའོ། །

ཉིན་རེའི་ལག་ལེན།

གནད་དོན་གང་ཞིག་ལ་ཚོད་དཔག་ཐུབ་པ་ཙམ་མ་ཟད། བརྟག་དཔྱད་ཀྱི་ལམ་ནས་ངེས་པ་རྙེད་པ་ཞིག་ཡོང་བ་ནི། རྣམ་དཔྱོད་བེད་སྤྱོད་བྱས་པ་ལས་བྱུང་བ་ཞིག་ཡིན། མདོར་ན། བྱ་བ་གང་བྱས་ཀྱང་རང་དང་གཞན། སྤྱི་དང་སྒེར། འཕྲལ་དང་ཕུགས་ཀྱི་ཕན་གནོད་ལ་བརྟག་དཔྱད་ཀྱིས་ངེས་པ་རྙེད་པའི་རྒྱུ་མཚན་གྱི་ཐོག་ནས་བསམ་བློ་གཏོང་བའི་གོམས་གཤིས་འཇགས་ཐུབ་ཐབས་བྱེད་དགོས།

བྱེད་སྒོ།

  1. སློབ་ཕྲུག་ཆ་བགོས་ཀྱི་ཚོགས་ཆུང་བཟོ་དགོས།
  2. དགེ་རྒན་གྱིས་རང་མོས་བརྗོད་གཞི་བཟོས་ཏེ། ཚོགས་ཆུང་སོ་སོར་འདེམ་དུ་བཅུག་ནས་ཚོགས་ཆུང་སོ་སོས་དགེ་སྐྱོན་དོགས་གསུམ་གྱི་བྱེད་སྒོ་སྤེལ་དགོས།

དཔེར་ན། ཆོག་ཤེས་བྱས་ན་དགེ་སྐྱོན་དོགས་གསུམ་ཇི་ཡོད་བྲིས།

དགེ།སྐྱོན།དོགས།
 

Back To Top


Showing entries (filtered from total entries)