website templates free download

Table

སྐྱིད་སྡུག་མཉམ་མྱོང་།
Empathic Concern

ཁ་རྒྱུན་དུ། གཞན་རྒྱུས་ལོན་དགོས་ན། རང་གིས་གཞན་གྱི་གནས་སྟངས་དེར་དངོས་སུ་ཞུགས་དགོས་ཞེས་པ་ལྟར། རང་གཞན་གྱི་གནས་སྟངས་བརྗེ་པོ་བརྒྱབས་ན་གཞི་ནས་གཞན་གྱི་ཚོར་བ་ལ་རྒྱུས་མངའ་ལོན་ཏེ། སྐྱིད་སྡུག་མཉམ་མྱོང་གི་ཚོར་བ་ཞིག་སྐྱེས་ནས་གཞན་ལ་རོགས་རམ་བྱ་རྒྱུའི་འདུན་པ་སྐྱེ་ངེས།
As the saying goes, if you want to understand someone, just walk a mile in their shoes. By putting ourselves into someone else’s shoes, we gain sensitivity to their experience, feel more empathy for their situation, and are more eager to help when we see they are struggling.

༩། སྐྱིད་སྡུག་མཉམ་མྱོང་།

སྒྲུང་།

ཁྱི་ཕྲུག་ཉོས་པ།

ཞིང་པ་ཞིག་ལ་ཁྱི་ཕྲུག་འགའ་འཚོང་རྒྱུ་ཡོད་པས། ཁོས་རང་ཉིད་ལ་ཁྱི་ཕྲུག་བཞི་འཚོང་རྒྱུ་ཡོད་པའི་བརྡ་ཁྱབ་ཅིག་བྲིས་ཏེ་ར་བའི་སྒོ་རུ་སྦྱོར་དུ་ཕྱིན། ཁོས་བརྡ་ཁྱབ་དེ་སྦྱོར་སྐབས་རྒྱབ་ནས་ཁོའི་དོར་མ་ལས་འཐེན་པ་ཚོར་ཏེ་ཕྱིར་བལྟས་པ་ན། བྱིས་པ་ཆུང་ཆུང་ཞིག་གིས་རང་ཉིད་ལ་ཅེར་བཞིན་པ་མཐོང་།

བྱིས་པ་དེས། ཨ་ཁུ་ལགས། ངས་ཁྱོད་ཀྱི་ཁྱི་ཕྲུག་གཅིག་ཉོ་འདོད་ཡོད། ཅེས་བཤད། ཞིང་པ་དེས། རང་ཉིད་ཀྱི་ཐོད་པའི་སྟེང་གི་རྔུལ་ཆུ་ཕྱིས་ནས། འགྲིག་གི་རེད། འོན་ཀྱང་ཁྱི་ཕྲུག་འདི་ཚོའི་རིགས་རྒྱུད་བཟང་པོ་ཡིན་པས་གོང་ཆེན་པོ་རེད། ཅེས་བཤད་པས། བྱིས་པ་དེ་ཡི་མགོ་བོ་དེ་མ་ཉིད་དུ་བསྒུར་སོང་། དེ་ནས་ཅུང་འགོར་རྗེས་ཁོས་རང་གི་དོར་མའི་ཁུག་མ་བསྔོགས་ཏེ་ལྕགས་སྒོར་སྦར་མོ་གང་བཏོན་ནས་ཞིང་པ་དེར། ང་ལ་སྒོར་མོ་ལྔ་བཅུ་ང་གསུམ་ཡོད། འདིས་ཁྱི་ཕྲུག་ཅིག་ཁུག་གི་རེད་དམ། ཞེས་དྲིས་པར། ཞིང་པས། བྱིས་པ་དེའི་མགོ་ལ་བྱིལ་བྱིལ་ཞིག་བྱས་ཏེ། དུང་དཀར་འདིར་ཤོག ཅེས་སྐད་བརྒྱབ་པས་ཁྱི་ཚང་ལས་ཁྱི་མོ་ཞིག་རྒྱུགས་ཡོང་བ་དང་། དེའི་རྗེས་སུ་གངས་འགྲིལ་བ་ལྟ་བུ་ཁྱི་ཕྲུག་དཀར་པོ་བཞི་ཐོན་ཡོང་བ་མཐོང་།

བྱིས་པ་དེས་གདོང་ར་བའི་ལྕགས་ཁྲ་ལ་གླན་ཞིང་། གནག་ཅིང་ཁྲ་བོའི་མིག་ཟུང་ལས་དགའ་སྣང་སྐྱེ་བཞིན་འདུག ཁྱི་ཕྲུག་བཞི་པོ་ར་བའི་འཁྲིས་སུ་སླེབས་དུས་བྱིས་པ་དེས་ཁྱི་ཚང་ནང་ནས་ད་དུང་སུ་ཞིག་འགུལ་བཞིན་པ་མཐོང་། དེ་ནས་ཁྱི་ཕྲུག་གཞན་ཞིག་ཀྱང་ཁྱི་ཚང་ལས་དོན་ཏེ་ར་བའི་ཕྱོགས་སུ་རྒྱུགས་ཡོང་། འོན་ཀྱང་། ཁྱི་གཞན་དང་མི་འདྲ་བར་ཁྱི་ཕྲུག་དེ་ས་ལ་འགྱེལ་བ་དང་། དེ་ནས་ཡར་ལངས་ཏེ་ཁྱ་རེ་འཁྱོར་རེར་ཁྱི་ཕྲུག་གཞན་ཚོའི་རྗེས་ཟིན་ཐབས་བྱས།

བྱིས་པ་དེས། ང་ལ་ཕ་གིའི་ཁྱི་ཕྲུག་དེ་དགོས། ཞེས་ཁྱི་ཕྲུག་རྐང་ཀྱོག་དེར་མཛུབ་མོ་བཙུགས། ཞིང་པ་བྱིས་པ་དེའི་གམ་ལ་མར་བསྡད་ནས། བུ་ཆུང་ལགས། ཁྱི་ཕྲུག་ཕ་གིདེ་རྐང་པ་ནད་པ་ཞིག་ཡིན་སྟབས། ཁོས་དུས་ནམ་ཡང་ཁྱི་ཕྲུག་གཞན་བཞིན་ཁྱེད་དང་མཉམ་དུ་རྩེད་མོ་རྩེ་ཐུབ་ཀྱི་མ་རེད། ཅེས་ནན་ཏན་གྱིས་བཤད་པས། བྱིས་པ་དེ་ཅུང་ཙམ་ཕྱིར་ནུར་ཏེ་རང་ཉིད་ཀྱི་དོར་མ་ཡར་བརྫེས། དོར་མའི་ཁ་འོག་ནས་འགྱིག་ལས་གྲུབ་པའི་རྐང་པ་ཞིག་མངོན་པ་དང་། བྱིས་པ་དེས་རང་ཉིད་ཀྱི་བརླ་རུས་དང་འགྱིག་གི་རྐང་པ་གཉིས་ཀྱི་ལྷུ་མཚམས་བཀྲོལ་ཏེ་འགྱིག་གི་རྐང་པ་དེ་ས་རུ་བཞག་ནས། ཞིང་པ་དེའི་ངོ་ལ་ལྟ་བཞིན། ཨ་ཁུ་ལགས། ང་རང་ཉིད་ཀྱང་ཡག་པོ་རྒྱུགས་མི་ཐུབ་མཁན་ཞིག་ཡིན་པས། ཁྱི་ཕྲུག་འདི་ལ་ཡང་ཁོ་རང་ལ་བསམ་ཤེས་བྱེད་ཐུབ་མཁན་ཞིག་དགོས་རྒྱུ་རེད། ཅེས་བཤད་པས། ཞིང་པ་དེའི་མིག་ཟུང་མཆི་མས་ཁེངས་ཤིང་ལམ་སེང་ཁྱི་ཕྲུག་དེ་ཡར་བསྒྲུགས་ཏེ་བྱིས་པ་དེའི་ལག་ཏུ་བཞག

གོ་དོན།

འགྲོ་བ་རྣམས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་གྱུར་ཡིན་པ་བསམས་ནས། གཞན་གྱི་སྡུག་བསྔལ་སེལ་རོགས་བྱས་ཏེ༑ སྐྱིད་ན་སྐྱིད་མཉམ་དང་སྡུག་ན་སྡུག་མཉམ་བྱེད་པ་ཞིག་ལ་ཟེར།

དཔེ་མཚོན།

རང་ཉིད་སེམས་སྐྱོ་ནས་མིག་ཆུ་གཏོང་སྐབས་གཞན་དེས་ཀྱང་གདུང་སེམས་མཉམ་སྐྱེད་ཀྱིས་མིག་ཆུ་བཏང་ནས་སེམས་གསོ་བཏང་བ་ལྟ་བུ།

༧གོང་ས་མཆོག་གིས།

ངོས་ཀྱི་བསམ་པར། ང་ཚོ་མང་པོ་ཞིག་གིས་གློག་བརྙན་དང་། རྩེད་རིགས་འགྲན་སྡུར། འཁྲབ་སྟོན་བཅས་ལ་བལྟ་རྒྱུ་དང་། དེབ་སྙན་པོ་དེ་འདྲ་ཀློག་རྒྱུ་སོགས་ལ་དགའ་པོ་བྱེད་པའི་རྒྱུ་མཚན་གཅིག་ནི། དེ་དག་གིས་སྤྲོ་སེམས་སྤེལ་བའི་ཁར། གཞན་གྱི་དགའ་ཚོར་དང་སེམས་སྡུག་རྣམས་སོ་སོ་རང་གི་ཡིན་པ་ལྟ་བུར་མྱོང་བའི་གོ་སྐབས་ཤིག་སྤྲོད་ཀྱི་ཡོད་པས་ཡིན།

བསམ་བློའི་སྦྱོང་བརྡར།

  1. རང་གཞན་ཐམས་ཅད་བདེ་བ་འདོད་པ་དང་། སྡུག་བསྔལ་མི་འདོད་པ་གཅིག་གྱུར་ཡིན་པ་བསམ་པ།
  2. རང་གི་བདེ་སྡུག་གཞན་ལ་བརྟེན་ནས་བྱུང་བ་སོགས་ཕན་ཚུན་ལྟོས་གྲུབ་ཡིན་པའི་རྒྱུ་མཚན་བསམས་ཏེ། གཞན་གྱི་བདེ་དོན་ལ་བཅོས་མིན་གྱི་སེམས་ཁུར་ཞིག་གོང་འཕེལ་གཏོང་བའི་བློ་སྦྱངས།
  3. རང་མགོ་གང་ཐོན་མི་བྱེད་པར་གཞན་གྱི་དཀའ་ངལ་སེལ་འདོད་དང་། རང་གི་འབྱོར་བ་གཏོང་ཕོད་ཀྱིས་སྐྱིད་ན་སྐྱིད་མཉམ་དང་། སྡུག་ན་སྡུག་མཉམ་བྱེད་བསམས་ནས་བློ་སྟོབས་གོང་མཐོར་གཏོང་དགོས།

ཉིན་རེའི་ལག་ལེན།

རོགས་པ་ཚོ་ལ་ཟས་རིགས་གང་ཡང་མེད་ཚེ། རང་ལ་ཀུ་ཤུ་གཅིག་ལས་མེད་ཀྱང་མཉམ་ཟ་བྱ་རྒྱུ། གཞན་ལ་རྐྱེན་ངན་སོགས་བྱུང་ཚེ་སྡུག་སྐད་ཤོད་རོགས་བྱེད་པ་དང་། རྐྱེན་ངན་སེལ་བའི་ཐབས་ལམ་འཚོལ་རོགས་བྱེད་པ། གཞན་གྱིས་ཁོར་ཡུག་གཙང་མ་བཟོ་བ་སོགས་ལས་ཀ་ཆེ་ཆུང་ཅི་འདྲ་ཡིན་ཡང་མཉམ་ཞུགས་བྱས་ནས་རོགས་པ་བྱ་རྒྱུ་སོགས་གོམས་གཤིས་འཇགས་ཐབས་བྱེད་དགོས།

རང་གི་མི་ཚེའི་ནང་སྐྱིད་སྡུག་མཉམ་མྱོང་ཇི་ཙམ་བྱས་མིན་ཉིན་རེ་བཞིན་ཞིབ་འཇུག་བྱས་ཏེ། ཡར་རྒྱས་གོང་འཕེལ་བཏང་ནས་ཉིན་རེའི་འཚོ་བའི་ཁྲོད་དུ་སྐྱིད་སྡུག་མཉམ་མྱོང་གི་ཉམས་ལེན་བྱེད་དགོས།

བྱེད་སྒོ།

ཞོགས་པའི་འདུ་འཛོམས་གྲོལ་བ་དང་འཛིན་ཁང་དུ་སླེབས་ནས་དགེ་རྒན་གྱིས་ཡི་གེ་འབྲི་འཇུག་སྐབས། གསར་དུ་སླེབས་པའི་བུ་མོ་སྒྲོལ་མའི་སྨྱུག་སྒམ་ནང་དུ་སྨྱུ་གུ་མེད་པ་ཤེས་ནས་ཅི་བྱ་གཏོལ་མེད་དུ་གྱུར་ཏེ། མིག་ཆུ་གཏོང་གྲབས་ཡོད། (འདིའི་རྗེས་སུ་གང་བྱུང་སྲིད་མིན་ཁྱོད་ཀྱིས་འགྲེལ་བརྗོད་བྱོས།)

Back To Top


Showing entries (filtered from total entries)