website templates free download

Table

༄༅། །ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་དཔྱད་གླེང་།

(ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༢༧ ནས་ ༢༨ བར་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གནས་དཔྱད་གླེང་ཚོགས་འདུའི་སྐབས་ཀྱི་གཏམ་བཤད་མ་ཟིན།)

དགེ་བཤེས་ལྷ་རམས་རོང་པོ་བློ་བཟང་སྙན་གྲགས།

༡ འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་ཞེས་པ་ག་དུས་བྱུང་བ།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་༧རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ནུབ་ཕྱོགས་ནས་འགོ་བཙུགས་ཏེ། འཇིག་རྟེན་ཀུན་ཁྱབ་ཀྱི་ལེགས་བཤད་གསར་པ་མང་པོ་ཞིག་འཛམ་གླིང་གི་སྤྱི་ནོར་དུ་གནང་ཡོད་པའི་ནང་ནས། ངོ་མཚར་རྨད་དུ་བྱུང་བ་ཞིག་ནི། “ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་" དང་། “སྤྱི་སེམས་"སམ་“འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་"ཞེས་པའི་གདམས་པ་འདི་གཉིས་དེང་སང་འཇིག་རྟེན་ཁྱོན་ཡོངས་ཀྱིས་ངོས་འཛིན་དང་། གདེང་འཇོག་ཧ་ཅང་ཆེན་པོ་ཞུ་བཞིན་ཡོད། དང་ཐོག་སྤྱི་སེམས་ཞེས་འབོད་བཞིན་ཡོད་ཀྱང་། ཕྱིས་སུ་“འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་"(Universal Responsibility) ཞེས་མིང་དུ་ཆགས་པ་དང་། འདིའི་ཐད་ཁོང་གིས་གསུངས་དོན། སྤྱི་སེམས་ཀྱི་གོ་དོན་ནི། ཉེས་སྐྱོན་ངོས་ལེན་གྱི་འདུ་ཤེས་ཤིག་ལས། སོ་སོའི་བློ་རང་གཅེས་འཛིན་གྱི་དབང་དུ་འགྲོ་རུ་མ་བཅུག་པར་གཞན་གྱི་བདེ་སྡུག་གི་ཕྱོགས་སུ་བསྐོར་རྒྱུ་འདི་ཡིན། སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་རང་ཉིད་དང་གཅིག་མཚུངས་ཡིན་ཞིང༌། རང་ཉིད་ཀྱི་བྱ་སྤྱོད་ཐམས་ཅད་ལ་ཀུན་ཁྱབ་ཀྱི་ཆ་ཞིག་ཡོད་པར་མཐོང་བ་སོགས་ལས་གྲུབ་པའི་སྤྱི་སེམས་ཤིག་གོང་འཕེལ་དུ་གཏོང་བ་ནི། གཞན་ལ་ཕན་འདོགས་པའི་གོ་སྐབས་ཤིག་མཐོང་ན། རང་གཅེས་འཛིན་གྱི་ཁེ་ཕན་ཆུང་ངུ་དོར་ནས་གཞན་དོན་དང་དུ་ལེན་པའི་འདུ་ཤེས་ཤིག་སྐྱེད་སྲིང་བྱེད་པའི་བསམ་བློའི་འཁྱེར་སོ་ཞིག་ཡིན། ང་ཚོས་རང་གི་ནུས་པའི་ཁྱབ་ཁོངས་ཀྱི་ཕ་རོལ་ཏུ་ཅི་ཞིག་འབྱུང་བཞིན་པར་སེམས་ཁུར་བྱེད་ཀྱི་ཡོད་ནའང༌། ང་ཚོས་དེ་ནི་རང་བྱུང་ཁམས་ཀྱི་ཆ་ཤས་ཤིག་ཏུ་བརྩིས་ནས་རང་ཉིད་ཀྱིས་གང་ནུས་པ་དེར་དམིགས་པ་གཏོད་ཀྱི་ཡོད།

སྤྱི་སེམས་འདི་ལྟ་བུ་ཞིག་བསྐྱེད་པའི་ཕན་ཡོན་གལ་ཆེ་ཤོས་ནི། རང་གི་ཉེ་འབྲེལ་གཅིག་པུ་མ་ཡིན་པར་སེམས་ཅན་གཞན་ཐམས་ཅད་ཀྱི་བདེ་སྡུག་ཀྱང་ང་ཚོས་ཚོར་ཐུབ་པ་དེ་ཡིན་ལ། སྡུག་བསྔལ་ཆེ་ཤོས་མྱོང་གི་ཡོད་པའི་འགྲོ་བ་མིའི་ཁྱིམ་གཞི་ཆེན་པོའི་ནང་མི་རྣམས་ལ་ལྷག་ཏུ་སེམས་ཁུར་བྱེད་དགོས་པ་མཐོང་བ་དང༌། འགྲོ་བ་མིའི་རིགས་ཀྱི་སྤུན་ཟླའི་བར་ལ་འགལ་རྐྱེན་སློང་བའི་རྒྱུ་རྐྱེན་བཟློག་དགོས་པ་ངོས་འཛིན་བྱེད་ཐུབ་ཅིང༌། ང་ཚོས་ད་དུང་ཆོག་ཤེས་ཀྱི་གལ་ཆེའི་རང་བཞིན་དེའང་རྟོགས་ཐུབ་ཀྱི་རེད། ཅེས་དང་། ད་ལྟའི་འཛམ་གླིང་གི་གཅིག་ལ་གཅིག་བརྟེན་གྱི་རང་བཞིན་འདིའི་རྐྱེན་པས་སྤྱི་སེམས་གོང་དུ་སྤེལ་དགོས་པ་ནི་ཁ་ཚ་དགོས་གཏུགས་ཤིག་ཡིན། སྤྱི་སེམས་ཞེས་པའི་བོད་སྐད་ཀྱི་ཚིག་འདི་ལ་ཨིན་སྐད་དུ་སྐད་དོད་ཡང་དག་ཅིག་མེད་པ་དང༌། སྤྱི་ཞེས་པ་ནི་ཀུན་ཁྱབ་དང༌། སེམས་ཞེས་པ་ནི་ཤེས་པ་ཞིག་ལ་གོ་ཆོག བོད་སྐད་ཀྱི་ཐ་སྙད་འདི་ལ་འགན་ཁུར་གྱི་དོན་ཞིག་མངོན་སུམ་མ་ཡིན་པར་ཤུགས་སུ་གྲུབ་ཡོད། འོན་ཀྱང༌། གཞན་གྱི་བདེ་སྡུག་ལ་ཁུར་སེམས་བཟུང་ནས་ང་ཚོས་སྤྱི་སེམས་བསྐྱེད་དགོས་ཚུལ་བརྗོད་སྐབས། དཔེར་ན། འཛམ་གླིང་གི་ས་ཆ་འདྲ་མིན་དུ་དམག་འཁྲུག་དང༌། ཐན་པ་སོགས་འབྱུང་གི་ཡོད་པར་མི་རེ་རེ་ནས་ཐད་ཀར་རྐྱེན་བྱས་ཡོད་པའི་རྒྱུ་མཚན་གྱིས་འགན་འཁུར་དགོས་པའི་སྐད་ཆ་ཞིག་མིན། ནང་པའི་ཉམས་ལེན་ནང་འཇིག་རྟེན་ཐམས་ཅད་དུ་ཡོད་པའི་སེམས་ཅན་ཐམས་ཅད་ཀྱི་དོན་གཉེར་བའི་འགན་ཁུར་ཞིག་རང་ལ་ཡོད་པ་ང་ཚོས་རྒྱུན་དུ་དྲན་གསོ་བྱེད་པ་བདེན་པ་ཡིན། ཞེས་གསུངས་ཡོད། གང་ལྟར་ལམ་སྟོན་བསླབ་བྱ་དེ་དག་ཕྱི་ལོ་ ༡༩༧༣ ཙམ་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནུབ་ཕྱོགས་སུ་ཆིབས་བསྒྱུར་དབུ་འཛུགས་གནང་བའི་སྐབས་ཙམ་ནས་གསུངས་པའི་གདམས་ངག་ཅིག་ཡིན་པ་དང་། དེ་ལ་ནུབ་ཕྱོགས་པའི་སྤྱི་ཚོགས་ཁྲོད། གཙུག་ལག་སློབ་གཉེར་ཁང་དང་། ཉམས་ཞིབ་སྡེ་ཚན་སོགས་ཤེས་ཡོན་པའི་སྡེ་ནས་དང་ལེན་དང་། དཔྱད་ཞིབ། ཉམས་ལེན་བྱེད་མཁན་ཧ་ཅང་མང་པོ་བྱུང་ཡོད། འོན་ཀྱང་སྐབས་དེར་བློ་ངོར་མ་ཤོང་བའི་གནས་ཚུལ་ཡང་བྱུང་ཡོད། དཔེར་ན། དེའི་ཐད་ཁོང་གིས་འདི་ལྟར་གསུངས་ཡོད། ངོས་ཀྱིས་གླེང་བཞིན་པའི་སྤྱི་སེམས་འདི་ནི། སྤྱི་ཚོགས་ཀྱི་དངོས་ཡོད་དང་གཏན་ནས་མི་མཐུན་པར་མཐོང་སྲིད་ཀྱང༌། འདི་ནི་ངོས་རང་ནུབ་ཕྱོགས་སུ་ཕྱི་ལོ་ ༡༩༧༣ ལོར་ཐོག་མར་སོང་བ་ནས་བཟུང་མང་ཚོགས་ལ་བརྗོད་པའི་བདག་གི་བསམ་བློ་ཞིག་ཡིན་ཞིང༌། སྐབས་དེ་དུས་མི་མང་པོས་སྤྱི་སེམས་འདི་ལྟ་བུ་ལ་དོགས་ཟོན་བྱས་པ་དང༌། དེ་མཚུངས་འཛམ་གླིང་གི་ཞི་བདེ་ལ་དང་བ་བྱེད་མཁན་ཡང་དཀོན་པོ་རེད། ཡིན་ནའང༌། ད་ལྟ་བསམ་བློ་འདི་དག་ལ་ཡ་ལན་ལེགས་པར་སྤྲོད་མཁན་ཇེ་མང་དུ་འགྲོ་བཞིན་པ་དང༌། འདི་ནི་ངོས་རང་ལ་མཚོན་ན་གདེང་སྤོབས་འབྱུང་སའི་གཞི་ཞིག་ཡིན།

དོན་དངོས་སུ་བརྗོད་ན། དུས་རབས་ཉི་ཤུ་པའི་ནང་དུ་མིའི་རིགས་ཀྱིས་རང་གི་བསམ་ཡུལ་ལས་འདས་པའི་བྱུང་བ་མང་པོ་མྱངས་པའི་རྒྱུ་མཚན་གྱིས་ང་ཚོ་ནི་ཅུང་ཙམ་བསམ་ཤེས་ཅན་དུ་གྱུར་ཡོད་པར་སྙམ། ལོ་རབས་ལྔ་བཅུ་དང་དྲུག་ཅུའི་ནང་དང༌། ས་ཆ་ཁག་ཅིག་ཏུ་ཉེ་བའི་ཆ་ལའང་རྩོད་རྙོག་ནི་མཐར་གཏུགས་ན་དམག་འཐབ་ཀྱི་ལམ་ནས་བསལ་དགོས་པར་བསམ་ཡོད་ནའང༌། ད་ལྟ་ལྟ་ཚུལ་འདི་འཛིན་མཁན་ནི་མི་ཉུང་ཤོས་ཤིག་ལས་མེད། དུས་རབས་ཉི་ཤུ་པའི་མགོ་སྟོད་དུ་མི་མང་པོར་སྤྱི་ཚོགས་ཤིག་གི་འཕེལ་རྒྱས་དང་མདུན་སྐྱོད་ནི། སྒྲིག་ཁྲིམས་བཀོད་འདོམས་བཙན་པོའི་འོག་ཏུ་འཚོལ་སྒྲུབ་བྱེད་དགོས་པའི་ཡིད་ཆེས་ཡོད་ཀྱང༌། སྲིད་དབང་གཅིག་སྡུད་རིང་ལུགས་ཀྱི་ཕམ་ཉེས་དང༌། དེའི་རྗེས་ལྕགས་ཀྱི་ཡོལ་བ་ཞེས་པ་སྟེ། ཡོ་རོབ་ཀྱི་ནུབ་ཕྱོགས་དང་དམར་པོའི་རིང་ལུགས་ཀྱི་རྒྱལ་ཁབ་ཁག་གི་ས་མཚམས་དམ་པོ་དེ་མེད་པར་གྱུར་པ་སོགས་ལ་བརྟེན་ནས་ཡིད་ཆེས་དེའང་སྟོང་ཟད་དུ་སོང་ཡོད། དབང་ཤུགས་དྲག་པོས་བཙན་བཀོད་བྱས་པའི་སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་སྒྲིག་འཛུགས་ནི། ཡུན་རིང་པོར་མི་བརྟན་པ་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་སུ་གསལ་པོ་ཆགས་ཡོད།

ད་དུང་ཚན་རིག་དང་ཆོས་གཉིས་ནི་མཐུན་ཐབས་མེད་པའི་ལྟ་ཚུལ་དེའང་སྔར་བཞིན་མཁྲེགས་པོར་གནས་མེད་པ་དང༌། ལྟ་ཚུལ་འདི་ནི་ནང་པ་མང་པོས་ཀྱང་གཅིག་མཚུངས་སུ་བཟུང་ཡོད། ད་ལྟ་དངོས་ཡོད་གནས་ལུགས་དང་འབྲེལ་བའི་ཚན་རིག་གི་ཤེས་རྟོགས་ཇེ་ཟབ་ཏུ་སོང་བ་དང་ཆབས་ཅིག ཚན་རིག་དང་ཆོས་གཉིས་མཐུན་ཐབས་མེད་པའི་ལྟ་ཚུལ་དེ་ལའང་འགྱུར་བ་འགྲོ་བཞིན་ཡོད། འགྱུར་ལྡོག་དེའི་རྐྱེན་པས་མི་ཚོས་ངོས་ཀྱིས་ནང་གི་འཇིག་རྟེན་ཞེས་བརྗོད་པའི་ཕྱོགས་སུ་དང་བ་བྱེད་པ་ཇེ་མང་དུ་འགྲོ་འགོ་ཚུགས་ཤིང༌། ནང་གི་འཇིག་རྟེན་ཞེས་པ་ནི་སེམས་དང་བསམ་པ་དང༌། ཡང་ན་བླ་སྲོག་དང་རྣམ་པར་ཤེས་པའི་བྱེད་ལས་དང་སྒུལ་ཤུགས་སོགས་ལ་གོ་དགོས། གཞན་ཡང་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་དེའང་འཛམ་གླིང་གང་སར་དར་ཁྱབ་ཏུ་འགྲོ་བཞིན་པ་ཡིན་ཞིང༌། གང་ཟག་སྒེར་དང་ཐ་ན་རྒྱལ་ཁབ་ཅིག་ཡིན་ཡང༌། སོ་སོའི་དཀའ་ངལ་ཡོད་ཚད་རང་ངོས་ནས་སེལ་མི་ཐུབ་པ་དང༌། ང་ཚོར་ཕན་ཚུན་དགོས་པའི་ངོས་འཛིན་ཆེ་རུ་འགྲོ་བཞིན་ཡོད། ངོས་ཀྱི་ལྟ་ཚུལ་ལ། འདི་ཚོ་ཚང་མ་སེམས་ཤུགས་སྤེལ་བྱེད་ཀྱི་འཕེལ་རྒྱས་ཤིག་ཡིན་ཞིང༌། འཛམ་གླིང་གི་ཕྱོགས་ཀུན་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཀྱི་རེད། ད་དུང་ངོས་ཀྱི་གདེང་སྤོབས་འབྱུང་སའི་ཡུལ་གཞན་ཞིག་ནི། དོན་དངོས་སུ་ལག་བསྟར་བྱེད་ཀྱི་ཡོད་མེད་ལ་མ་ལྟོས་པར། འགྲིག་མཐུན་གྱི་སེམས་པའི་ཀློང་ན་འཚེ་མེད་ཞི་བའི་ལམ་ནས་རྩོད་རྙོག་ལ་འདུམ་ཐབས་བཙལ་དགོས་པའི་ངོས་འཛིན་གསལ་པོ་ཞིག་བྱུང་ཡོད་པ་འདི་ཡིན། ཞེས་གསུངས། ཕྱི་ལོ་ ༡༩༨༠ གྱ་གྲངས་ནང་༧རྒྱལ་བ་རིན་པོ་ཆེ་རྒྱ་གར་སཱ་ར་ནཱ་ཐར་ཞབས་སོར་འཁོད་སྐབས་ཤིག་ལ། སྐབས་དེའི་སཱ་ར་ནཱ་ཐ་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་ཌོག་ཊར་ཀ་པི་ལཱ་བཱཏསྱཱཡན་(Dr. Kapila Vatsyayan) མཆོག་གིས་༧གོང་ས་མཆོག་ལ། མགོན་པོ་གང་གིས་སྔར་མེད་པའི་ལམ་སྟོན་གསར་པ་“འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་"ཐོག་ནུབ་ཕྱོགས་པའི་སྤྱི་ཚོགས་ནང་དོ་སྣང་དང་ཉམས་ཞིབ་བྱེད་མཁན་ཧ་ཅང་མང་པོ་ཡོད་ཀྱང་། རྒྱ་གར་དང་བོད་པའི་སྤྱི་ཚོགས་ནང་ད་ལྟའི་ཆར་དེའི་སྐོར་གླེང་མོལ་དེ་ཙམ་མི་འདུག་པས། གལ་ཏེ་སཱ་ར་ནཱ་ཐ་གཙུག་ལག་སློབ་གཉེར་ཁང་དུ་ཉམས་ཞིབ་པ་གསུམ་བཞི་ཞིག་ཆེད་མངགས་འདིའི་ཐོག་ཉམས་ཞིབ་དང་རྩོམ་སྒྲིག་བྱེད་རྒྱུའི་ཆེད་དུ་གཞག་ན་གང་འདྲ་ཡོང་ཞེས་བཀའ་འདྲི་ཞུ་སྐབས། ༧གོང་ས་མཆོག་གིས་ངས་བཤད་པ་དེ་ཚོ་དོན་དག་ཡོད་པ་དང་། དོ་སྣང་བྱེད་འོས་པར་མཐོང་ན་སློབ་གཉེར་བ་སོ་སོས་རང་འགུལ་དང་བླང་ཐོག་ནས་ཉམས་ཞིབ་བྱེད་དགོས་པ་ལས། སྒྲིག་འཛུགས་ཀྱི་ངོས་ནས་གོ་སྒྲིག་བྱས་ན་འོས་པོ་མེད། དེ་དུས་ཞལ་ཤོབ་དང་སྦྲགས་ནས་ངས་མའོ་ཙེ་ཏུང་ནང་བཞིན་ངའི་རྩོམ་ཡིག་དེ་ཚོ་ཚང་མས་ཀློག་དགོས་ཞེས་བཙན་བཀའ་བཏང་བ་ལྟ་བུ་ཆགས་ཉེན་ཡོད། ཅི་སྟེ་དོ་སྣང་བྱེད་མཁན་ཡོད་ན་སྒྲིག་འཛུགས་ཀྱི་ངོས་ནས་མཐུན་རྐྱེན་བསྐྲུན་ན་འགྲིག ཅེས་བཀའ་གནང་ཡོད་འདུག ༧གོང་ས་མཆོག་རང་ཉིད་ཀྱི་བཀའ་ཡིན་སྟབས། མཐོ་སློབ་སྒྲིག་འཛུགས་ཀྱི་ངོས་ནས་དེའི་ཐོག་ཉམས་ཞིབ་བྱེད་དགོས་པའི་འབོད་སྐུལ་དང་གོ་སྒྲིག་ཞུ་བདེ་བྱུང་མེད་ཅེས་བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་གསུངས།

༢ ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་རྣམ་གཞག་ཇི་ལྟར་བྱུང་བ།

ཀ དུས་ཚོད་ཀྱི་ཆ་ནས་ནས་ལྟ་བ།

“ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་"ཅེས་པ་དེ། ཕྱི་ལོ་ ༡༩༩༠ གོ་གྲངས་ནས་མདོར་བསྡུས་རེ་གསུང་རྒྱུའི་དབུ་ཚུགས་ཡོད་པར་མངོན། ཕྱི་ལོ་ ༡༩༩༩ ཟླ་ ༥ ཚེས་ ༡༠ ལ་ཨིན་ཇིའི་རྒྱལ་ས་ལོན་ཌོན་གྱི་ཨལ་པར་ཊི་ཚོགས་ཁང་དུ་སྟོང་ལོ་གསར་བའི་བླང་དོར་ethice for the new millennium ཞེས་པའི་བཀའ་སློབ་དེབ་དེའི་(ཤོག་ངོས་༡༥༠) ལས། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་པའི་ཐ་སྙད་དེ་བེད་སྤྱོད་གནང་འདུག སྟོང་ལོ་གསར་པ་འཆར་ལ་ཉེ་བའི་དུས་མཚམས་སུ་ཁུར་འཁྱེར་གྱི་ཐུགས་བསྐྱེད་དམ་བཅའ་གསུམ་གྱི་དང་པོ་དེ། མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་མིའི་བཟང་སྤྱོད་སྐོར་གོང་འཕེལ་དུ་གཏོང་རྒྱུའི་བཀའ་སློབ་གནང་མགོ་ཚུགས་ཡོད་ཅིང་། འགྲོ་བ་མིའི་བཟང་སྤྱོད་ཅེས་པ་ཙམ་ལས། ཆོས་ལ་བརྟེན་མ་བརྟེན་གྱི་དབྱེ་མཚམས་གསལ་ཁ་མེད་ནའང་། ཕྱིས་སུ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ཡོད། ཕྱི་ལོ་༢༠༠༠ ཐམ་པའི་ལོ་གསར་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཝཱ་རཱ་ཎ་སཱིར་༧ཞབས་སོར་འཁོད་པའི་སྐབས། དེ་དུས་དྲ་རྒྱ་སོགས་ཀྱི་མཐུན་རྐྱེན་དེང་སང་བཞིན་འཛོམས་པོ་མེད་རུང་། ཁ་པར་དང་དྲ་རྒྱ་བརྒྱུད་ནས་ཨ་རི་སོགས་ཡུལ་གྲུ་མང་པོ་ཞིག་ལ། སྟོང་ལོ་གསར་པའི་ལམ་སྟོན་བཀའ་སློབ་ཅིག་གནང་བ་དེ་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་ཡོངས་གྲགས་ཀྱི་བཀའ་གནང་བ་ཞིག་ཡིན་འདུག

དེ་ལ་གཟུ་བོར་གནས་ཤིང་། བློ་གྲོས་དང་ལྡན་པ། དོན་གཉེར་ཅན་གྱི་མིའི་རིགས་ཧ་ཅང་མང་པོས་དད་གུས་ཆེན་པོ་དང་། དམིགས་བསལ་དུས་བབ་ཀྱི་དགོས་མཁོ་ཡོད་པ་ཞིག་ཏུ་མཐོང་ནས་ནུབ་ཕྱོགས་ཀྱི་གཙུག་ལག་སློབ་གཉེར་ཁང་ཁག་དང་། སློབ་གྲྭ་ཁག་གི་ནང་དུ་ཉམས་ཞིབ་དང་ལག་བསྟར་འགྲོ་མུས་ཡིན་རུང་། བོད་པའི་སྤྱི་ཚོགས་ནང་དེ་ཙམ་ཐུགས་སྣང་ཆེན་པོ་མ་བྱུང་བ་ལྟ་བུ་འདུག

༧གོང་ས་མཆོག་གིས་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༠ ཉིན་ཨོ་སི་ཌོ་རི་ཡའི་ཀ་ལ་གྷན་ཧྥོར་ཌོར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ཐོག་ནས་སེམས་སྐྱིད་པོ་བཟོ་བ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་ཡོད་ལ། དེ་བོད་ཡིག་ཏུའང་བསྒྱུར་འདུག

༧གོང་ས་མཆོག་གིས་སྔ་མོ་ནས་ཞལ་ཚོར་བའི་རྒྱ་གར་གྱི་གཱནྡྷཱིའི་རྗེས་འཇུག་བགྲེས་སོང་ཀེ་བི་བཀྵཱི་(K.B. Bakshi) ཞུ་བ་ཞིག་ཡོད་པ་དེ་དང་། ཁོང་གི་ཐུགས་ངོ་མཁྱེན་པ་མེརཌ་(Meerut) ལ་ཡོད་པའི་ IMT Group of Colleges དེའི་གཙོ་འཛིན་བཅས། ཕྱི་ལོ་ ༢༠༡༢ ཡས་མས་ཤིག་ལ་༧གོང་ས་མཆོག་གི་སྐུ་མདུན་དུ་བཅར་ཏེ། ཧི་མཱ་ཅལ་ནང་༧གོང་ས་མཆོག་གི་མཚན་ཐོག་ནས་གཙུག་ལག་སློབ་གཉེར་ཁང་ཞིག་འཛུགས་རྒྱུའི་འདོད་པ་ཡོད། མཚན་དེ་ལྟར་བཏགས་ཆོག་པའི་བཀའ་ཁྲོལ་ཞུས་པར། ༧གོང་ས་མཆོག་གིས་ངའི་མིང་ཐོག་ཏུ་གཙུག་ལག་སློབ་ཁང་བཙུགས་ན་ཆོ་ཡོད་པ་མ་རེད། དེ་ལས་ད་ལྟ་ནུབ་ཕྱོགས་སུ་སེམས་དང་སྲོག་གི་སྐོར་ལ་ཚན་རིག་པ་དང་མཉམ་དུ་གོ་བསྡུར་བྱས་པའི་གྲུབ་དོན་དུ་སེམས་དང་སྲོག་གི་སྒྲིག་འཛུགས་ཤིག་བཟོས་ཡོད་ཅིང་། དེའི་ཡན་ལག་ཅིག་རྒྱ་གར་དུ་བཟོ་ཐུབ་ན་ཡག་པོ་རེད་ཅེས་བཀའ་གནང་བར་བརྟེན། ཁོང་ཚོས་ཀྱང་༧གོང་ས་མཆོག་གི་བཀའ་སློབ་ལྟར་གཙུག་ལག་སློབ་གཉེར་ཁང་གི་ཚབ་ཏུ། སེམས་དང་སྲོག་གི་སྒྲིག་འཛུགས་ཀྱི་ཡན་ལག་ཅིག་རྒྱ་གར་ནང་བཟོ་རྒྱུ་ཡིན་ཞེས་ཞུས་འདུག ཀེ་བི་བཀྵཱི་ཁོང་ནམ་རྒྱུན་ནས་༧སྐྱབས་མགོན་རིན་པོ་ཆེ་དང་ནང་ཚགས་ལྟ་བུས་ཐུགས་ལ་གང་ཤར་ཐད་ཀར་ཞུ་མཁན་ཞིག་ཡིན་པ་དང་། དེའི་སྐབས་སུ་ཁོང་གིས་༧རྒྱལ་བ་རིན་པོ་ཆེ་རྒྱ་གར་དུ་བཞུགས་ནའང་། བཀའ་སློབ་མན་ངག་རྩ་ཆེ་བ་ཚང་མ་ནུབ་ཕྱོགས་སུ་གནང་གི་འདུག དེ་ག་རེ་ཡིན་ནམ་ཞེས་ཞུས་སྐབས། ༧རྒྱལ་བ་རིན་པོ་ཆེས་བཞད་མོ་དང་སྦྲགས་ངས་སུ་ལའང་ང་ལ་གཅིག་བཤད་རྒྱུ་ཡོད། ཉན་དགོས་ཞེས་བརྗོད་ཀྱི་མེད། ང་ལ་ཤོད་ཅེས་ཚུར་ལབ་མཁན་དེ་ཚོ་ལ་ངས་འཆད་ཀྱི་ཡོད། དེ་ངའི་ནོར་འཁྲུལ་མ་རེད། རྒྱ་གར་བའི་ནོར་འཁྲུལ་རེད། ཁྱེད་རང་ཚོར་དོན་གཉེར་ཡོད་ན་ཁྱེད་རང་ཚོས་དོ་སྣང་བྱེད་དགོས་པ་རེད་མ་གཏོགས། རྒྱ་གར་བས་དེར་དོ་སྣང་བྱེད་ཆོག་གི་མ་རེད་ཅེས་རྗོད་མཁན་སུའང་མེད་ཅེས་གསུངས་འདུག དེ་ནས་ཀེ་བི་བཀྵཱིས་དེ་འདྲ་ཡིན་ན་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དེ་དེང་རབས་ཀྱི་ཤེས་ཡོན་སྒྲོམ་གཞིའི་ནང་འཁྱེར་དགོས་རྒྱུ་གལ་ཆེན་པོ་འདུག་ཅེས་དགོངས་འཆར་བཏོན་ཏེ། ༧སྐྱབས་མགོན་༧རྒྱལ་བ་རིན་པོ་ཆེས་གསུངས་པ་དེ་ནུབ་ཕྱོགས་སུ་ལས་གཞི་ཤུགས་ཆེན་པོ་ཆགས་འདུག དེར་བརྟེན་ང་ཚོས་རྒྱ་གར་གྱི་སེམས་དང་སྲོག་གི་ཡན་ལག་དེའི་ཐོག་ནས་ལས་ཀ་དེ་རྩོམ་ཆོག་པ་ཞུ་ཞེས་ཞུས་པར་དེ་བྱེད་ན་འགྲིག་གི་རེད་ཅེས་བཀའ་འཁྲོལ་གནང་ཡོད་འདུག

དེ་ལྟར་འདས་པའི་ལོ་གསུམ་རིང་ནུབ་ཕྱོགས་སུ་ཨེ་མོ་རིའི་གཙུག་ལག་སློབ་གཉེར་ཁང་གིས་ཐུགས་འགན་གཙོ་བོ་བཞེས་པ་དང་། དེ་མིན་གཙུག་ལག་སློབ་ཁང་ཁ་ཤས་ནང་༧གོང་ས་མཆོག་གི་མཚན་ཐོག་ནས་སྒྲིག་འཛུགས་བཟོས་ཏེ་ཕྱག་ལས་གནང་མཁན་དང་། དེ་བཞིན་མངའ་སྡེ་དང་གྲོང་སྡེ་སོ་སོའི་ནང་དུའང་དམིགས་བསལ་གྱི་ཕྱག་ལས་གནང་མཁན་གང་ལ་གང་འཚམ་བྱུང་ཡོད་འདུག འོན་ཀྱང་བོད་པའི་སྤྱི་ཚོགས་ནང་དང་། ལྷག་པར་དུ་བོད་པའི་སློབ་གྲྭ་ཁག་གི་ནང་དེའི་སྐོར་ལས་འཆར་དང་། རང་འགུལ་གྱིས་ཐུགས་སྣང་གནང་མཁན་དེ་ཙམ་བྱུང་ཡོད་མེད་གསལ་པོ་ཞུ་ཐུབ་ཀྱི་མི་འདུག

འོན་ཀྱང་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ། ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༢ དང་ ༡༣ ལ་བསླབ་གཞི་གཏན་འབེབས་ཚོགས་འདུ་དང་པོ་དིལླཱིར་ཚོགས་ཤིང་། ལོ་དེའི་ཟླ་ ༡༡ ཚེས་ ༢༥ ལ་ལྷན་ཚོགས་ཐེངས་གཉིས་པ་མའེ་སོར་གཙུག་ལག་སློབ་ཁང་དུ་ཚོགས་པ་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་བསླབ་གཞི་གཏན་འབེབས་ཞུས་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ཟླ་ ༡ ནས་ཆེད་སྦྱོང་རིག་གནས་རབ་འབྱམས་ལོ་རིམ་བཞི་པའམ་རྒྱུགས་དུས་བདུན་པར་སློབ་ཚན་སྤྱི་མཚུངས་བཞིན་ལག་བསྟར་ཞུ་བཞིན་པ་དང་། ཆེད་སྦྱོང་མིན་པའི་སྡེ་ཁག་ལའང་དངོས་སུ་སློབ་ཁྲིད་ལག་བསྟར་བྱེད་བཞིན་པ་རེད་འདུག དེ་ཡང་བསླབ་གཞི་གཙོ་བོ་ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་དང་། ཁ་སྐོང་ངམ་གཞོགས་སམ་ཟུར་བལྟའི་ཚུལ་དུ་སྟོང་ལོ་གསར་བའི་བླང་དོར་གྱི་རྣམ་གཞག་ཅེས་པ་དང་། ཟུར་རྒྱན་གྱི་ཚུལ་དུ། འཕགས་བོད་མཁས་པའི་དབང་པོ་རྣམས་ཀྱིས་མཛད་པའི་ལུགས་ཀྱི་བསྟན་བཅོས་ཁག་ལས་འཇིག་རྟེན་མི་ཆོས་ཀྱི་བསླབ་བྱ་གཅེས་བཏུས་ཕྱོགས་བསྒྲིགས། “འཇིག་རྟེན་མི་ཆོས་དང་འབྲེལ་བའི་བསླབ་བྱ་ནོར་བུའི་དོ་ཤལ་"ཞེས་པ་ཆེད་གཉེར་ཕྱོགས་བསྒྲིགས་ཞུས་ཏེ། དེ་ཡང་བསླབ་གཞི་གཏན་འབེབས་སྐབས། དགེ་བཤེས་ལྷག་རྡོར་དང་། དགེ་བཤེས་རྡོ་རྗེ་དགྲ་འདུལ། དགེ་བཤེས་བློ་བཟང་བསྟན་འཛིན། དགེ་བཤེས་ཐུབ་བསྟན་སྦྱིན་པ་བཅས་ལ་སྤྱན་འབུལ་གྱིས་དགོངས་འཆར་ཇི་གནང་ལ་བལྟོས་ནས་འཕར་བལྡབ་བསྐྱར་བསྒྲིགས་ཀྱང་ཞུས་པ་དང་། དགེ་བཤེས་རྡོ་རྗེ་དགྲ་འདུལ་དང་ཐུབ་བསྟན་སྦྱིན་པ་གཉིས་ཆེད་དུ་གདན་ཞུས་ཀྱིས་བསླབ་གཞི་འདིའི་ཐད་གསུང་བཤད་དང་དྲི་བ་དྲིས་ལན་གནང་བ་སོགས་གང་ལྟར། མཐོ་སློབ་འདིའི་ནང་གཙིགས་ཆེར་བཟུང་སྟེ་ལག་བསྟར་གནང་བཞིན་པ་ཞིག་རེད་འདུག

བཙན་བྱོལ་སྤྱི་ཚོགས་ནང་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གིས་སྔ་ཕྱིར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་ལ་ཕྱག་ལས་མང་པོ་གནང་ཡོད། དགེ་བཤེས་ལྷག་རྡོར་ལགས་ནས་ཁོར་ཡུག་འདྲ་མིན་ནང་འདིའི་ཐད་གཏམ་བཤད་སྤེལ་བ་དང་། དཔེ་མཛོད་ཀྱི་ལས་གཞིའི་ནང་ཕྱག་དེབ་བསྒྱུར་བ་དང་དཔར་འགྲེམས་བྱས་པ། དཔེར་ན། དཔེ་མཛོད་ལས་བྱེད་ཚེ་རིང་ནོར་བུས་བསྒྱུར་བའི་ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་ཅེས་པའི་དེབ་དེ། ཕྱི་ལོ་ ༢༠༡༦ ལོར་དཔར་ཐེངས་གསུམ་པ་པར་སྐྲུན་ཞུས་འདུག

ཡང་ཕྱི་ལོ་ ༢༠༡༣ ལོར་༧གོང་ས་མཆོག་གི་གསུང་འབུམ་ཕྱོགས་བསྒྲིགས་ཁང་གིས་བསྟན་འཛིན་རིག་བཟང་གིས་བསྒྱུར་བའི་གནའ་བོའི་ཤེས་རབ་དང་དེང་གི་འཇིག་རྟེན། སྟོང་ལོ་གསར་བའི་བླང་དོར་གྱི་རྣམ་གཞག་ཅེས་པའི་དེབ་དེ། དཔར་ཐེངས་དང་པོ་དཔར་ཡོད། རྣམ་གཞག་འདིར་དོ་སྣང་གནང་མཁན་ཞིག་ཡིན་ན། ཨིན་ཡིག་ནས་བསྒྱུར་བའི་ཆོས་ལུགས་ལ་མ་བརྟེན་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་སྟོན་པའི་བོད་ཡིག་ཐོག་ཡོད་པའི་གཞུང་ལུགས་གྲགས་ཆེ་བ་དེ་གཉིས་ལ་ངེས་ཅན་དུ་བལྟ་དགོས་པས་ཁྱབ།

ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༧ ཉིན་རྒྱ་གར་གྱི་རྒྱལ་ས་དིལླཱི་གསར་པར་རྟེན་གཞི་བྱས་པའི་ཤེ་ར་ཌོན་གསོལ་མགྲོན་ཁང་དུ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་དེང་དུས་ཤེས་ཡོན་ལམ་ལུགས་ཁྲོད་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་ཚན་ Meeting on Secular Ethics Curriculum གཏན་འབེབས་གནང་ཕྱོགས་སྐོར་ཚོགས་འདུ་ཚོགས་ཡོད།

ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༨ ཉིན་གངས་སྐྱིད་གསོལ་ཐབ་ཡང་སྟེང་གཉའ་ཁྲི་ཚོགས་ཁང་དུ། ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་དང་ཨ་རིར་གནས་སྡོད་ཕག་རི་བ་དངོས་ཁང་ཆོས་དབང་ཚེ་རིང་ལགས་ཀྱིས་མཐུན་འགྱུར་འོག་གཏན་ཉིན་སློབ་གྲྭ་ཁག་གི་དགེ་རྒན་རྣམས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གནང་ཕྱོགས་གོ་བསྡུར་གྱི་ཚོགས་འདུ་དང་བསྟུན་དགའ་ལྡན་ཕོ་བྲང་དུ་གསན་མཁན་ ༣༠༣ ཙམ་ལ་༧སྐྱབས་མགོན་༧རྒྱལ་བ་རིན་པོ་ཆེས་བཀའ་སློབ་གནང་བའི་རྗེས་འབྲེལ་དུ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་གཞུང་འབྲེལ་གྱིས་ཤུགས་ཆེ་རུ་བཏང་ཡོད་འདུག

ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༡༦ ཉིན་གྱི་སྔ་དྲོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་AyurGyan Nyas ཞེས་པའི་ཐེབས་རྩ་ཁང་གིས་གདན་ཞུས་ལྟར་རྒྱ་གར་ཡུ་པི་མངའ་སྡེའི་མེ་རཌ་(Meerut) གྲོང་ཁྱེར་ནང་ཡོད་པའི་གཞུང་གི་སློབ་གྲྭར་(DAV Central Public School) ཆིབས་ཕེབས་ཐོག་དེ་གའི་སློབ་སྤྱི་དང་། AyurGyan Nyas ཐེབས་རྩ་ཁང་ཐུན་མོང་གིས་མཛད་སྒོར་ཆིབས་བསྒྱུར་གྱིས། རྒྱ་གར་གྱི་རྒྱལ་ཁབ་ཁོ་ནར་ཕྱིའི་དངོས་པོ་ཡར་རྒྱས་དང་ནང་སེམས་ཀྱི་ཞི་བདེ་གཉིས་ཟུང་འབྲེལ་ཐོག འཛམ་གླིང་འདི་བདེ་སྐྱིད་ལྡན་པ་ཞིག་བསྐྲུན་རྒྱུའི་ནུས་པ་དམིགས་བསལ་བ་ཞིག་ཡོད་པར་ངོས་འཛིན་དང་འབྲེལ། AyurGyan Nyas ཐེབས་རྩ་ཁང་གིས་རྐང་འགན་བཞེས་ཏེ་ཤེས་ཡོན་བསྟི་གནས་ཁང་ཁག་ཅིག་དང་མཉམ་རུབ་ཀྱིས་ཆོས་ལུགས་ལ་མ་བརྟེན་པའི་སྤྱོད་བཟང་གི་བསླབ་གཞི་གཏན་འབེབས་གནང་བ་ནི། ༧མགོན་པོ་གང་གི་ལམ་སྟོན་གནང་བ་ཁག་དོན་དངོས་ཐོག་རྒྱ་གར་གཞུང་འབྲེལ་གྱིས་ལག་བསྟར་གནང་བ་ཞིག་ཡིན་པ་དང་། སྐབས་དེར་དགེ་ལས་སློབ་ཕྲུག་གྲངས་ ༡༥༠༠ བརྒལ་བར་བཀའ་སློབ་གནང་ཡོད།

ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༡ ནས་ ༡༤ བར་ཉིན་གྲངས་བཞིའི་རིང་དཔལ་འབྱོར་ལས་ཁུངས་དང་། ཨིན་ཡུལ་བདེ་ཆོས་ཕར་སི་དགེ་རྩ་ཚོགས་པའི་མཐུན་འགྱུར་འོག་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་། དྷ་ས་བོད་ཀྱི་དཔེ་མཛོད་ཁང་བཅས་མཉམ་འབྲེལ་གྱིས་གོ་སྒྲིག་ཞུས་ཏེ། བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་ལྟ་གྲུབ་དགེ་རྒན་དང་བོད་ཡིག་དགེ་རྒན་སོགས་ཁྱོན་མི་གྲངས་༣༥ ཙམ་ལ་ས་རཱ་མཐོ་སློབ་ཏུ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་ཟབ་སྦྱོང་ཞིག་སྤྲད་འདུག

ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༢ དང་ ༢༣ ཉིན་གཉིས་རིང་སྦེལ་ཀོབ་སེར་བྱེས་སློབ་གྲྭར། ཤེས་རིག་ལས་ཁུངས་དང་སེར་བྱེས་སློབ་གྲྭ་ཐུན་མོང་ནས་གོ་སྒྲིག་ཞུས་ཏེ། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་ལ་ཟབ་སྦྱོང་གནང་ཞིང་། སྐབས་དེར་ཟབ་ཁྲིད་གནང་མཁན་བདག་ཉིད་ཆེན་པོ་ཟམ་གདོང་རིན་པོ་ཆེ་དང་། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར། ཨེ་མོ་རིའི་དགེ་བཤེས་བློ་བཟང་བསྟན་འཛིན། དགེ་བཤེས་ཡེ་ཤེས་རྒྱལ་མཚན་བཅས་གདན་ཞུས་ཀྱིས་སློབ་སྤེལ་གནང་ཡོད་གནས་འདུག

སྐབས་དེར་མི་གྲངས་༤༣༩ ཙམ་ལ་༧སྐྱབས་མགོན་༧རྒྱལ་བ་རིན་པོ་ཆེས་བཀའ་སློབ་བཀའ་དྲིན་སྩལ་ཡོད།

ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༦ དང་ ༧ ཉིན་གཉིས་རིང་བཀའ་ཤག་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ལྷན་ཚོགས་ཐེངས་དྲུག་པ་བསྐྱངས་གནང་བའི་གྲོས་ཆོད་ནང་།

༡། སློབ་སྡེ་སོ་སོ་ནས་གཞི་རིམ་གོང་འོག་བར་གསུམ་དུ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་ཆེད་སྔ་འཕྲོས་རིང་བདུན་ཕྲག་རེར་ཚོགས་ཐེངས་རེ་ངེས་པར་འཇོག་དགོས།

༢། བོད་པའི་སློབ་གྲྭ་ཁག་གི་ནང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གནང་སྐབས་ནང་ཆོས་དང་སྦྲེལ་ནས་དེང་དུས་ཚན་རིག་གི་རྒྱབ་རྟེན་དང་བཅས་སློབ་སྟོན་གནང་གལ།

༣། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་སྐབས་སློབ་མའི་གནས་ཚད་དང་དཔེ་མཚོན་བེད་སྤྱད་དེ་སློབ་སྟོན་གནང་གལ།

༤། དགེ་རྒན་འོས་སྦྱོང་དང་ལྟ་གྲུབ་དགེ་རྒན་སོགས་ལ་སློབ་མའི་གནས་ཚད་དང་འཚམ་པའི་སྒོམ་རྒྱག་སྟངས་སློབ་ཁྲིད་བྱེད་ཐབས་རྒྱུས་སྟོན་གནང་གལ།

༥། སྐྱེ་བོ་གསོ་ཐིགས་དང་མདོ་མཛངས་བླུན་སོགས་ལེགས་བཤད་ཀྱི་བསྟན་བཅོས་གང་མང་པར་སྐྲུན་གྱིས་སློབ་ཁག་ལ་འགྲེམས་སྤེལ་གནང་གལ།

༦། སློབ་གྲྭ་སོ་སོའི་གནས་སྟངས་དང་མཐུན་རྐྱེན་ལ་དཔགས་ནས་བསླབ་གཞི་དང་སློབ་ཁྲིད་ཐབས་ལམ་སོགས་གསར་གཏོད་གནང་ཐབས་གནང་གལ།

ཞེས་གསལ་འདུག་པའི་ནང་གསལ་བ་ལྟར་ན། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་རྣམ་གཞག་འདི་ཉིད། ནུབ་ཕྱོགས་སུ་འཆད་ཉན་བྱེད་སྟངས་དང་། བོད་པའི་སྤྱི་ཚོགས་ནང་འཆད་ཉན་བྱེད་ཐབས་ལ་ངོས་འཛིན་ཧ་ཅང་མི་འདྲ་བའི་ཁྱད་པར་ཡོད་པ་གསལ་པོ་བསྟན་འདུག

ཡང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དཔེར་ན། དྷ་སར་རྟེན་གཞི་བྱས་པའི་ལྷ་སྤྱི་ཚོགས་ཞབས་ཞུ་ལྟེ་གནས་ཁང་གིས་ཕྱི་ལོ་ ༢༠༡༨ ཟླ་ ༥ པའི་ཟླ་མཇུག་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཐོག་ཉམས་ཞིབ་པ་ངག་རྒྱུགས་བཏང་སྟེ། མི་གཅིག་ལ་མཐུན་རྐྱེན་སྦྱོར་སྤྲོད་ཀྱིས་ཉམས་ཞིབ་ལས་གཞི་འགྲོ་བཞིན་པ་དང་། མཁས་དབང་གདན་ཞུས་ཀྱིས་མི་མང་དང་མཐོ་སློབ་ཁག་ལ་གདམས་ངག་འདི་གཏམ་བཤད་དང་ཟབ་སྦྱོང་སྤྲོད་པའི་ལས་གཞི་འགྲོ་བཞིན་པ་སོགས་གང་ལྟར་ད་ལྟའི་ཆར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་རྣམ་གཞག་འདི་བཞིན་འཇིག་རྟེན་ཁྱོན་ཡོངས་ལ་ཁ་ཚ་དགོས་གཏུགས་ཀྱི་རིག་པའི་གཞུང་ལུགས་ཤིག་དང་། བཙན་བྱོལ་སྒྲིག་འཛུགས་ཀྱི་སློབ་གྲྭ་ཁག་ཏུའང་སློབ་སྤེལ་ལས་གཞི་འགྲོ་བཞིན་ཡོད་པ་བཅས་ད་ལྟའི་ཆར་རིག་པའི་གཞུང་ལུགས་གཏིང་ཟབ་ཅིང་རྒྱ་ཆེན་པོ་ཞིག་ཆགས་བཞིན་ཡོད། དེང་སང་ནུབ་ཕྱོགས་པའི་སློབ་ཚན་སྤྱི་ཚོགས་ཚན་རིག་དང་། སྲིད་དོན་ཚན་རིག ས་ཁམས་རིག་པ་ལྟ་བུ་དང་དོ་མཉམ་པའི་སློབ་ཚན་ཞིག་ཆགས་ཡོད་པར་བཤད། ལྷག་པར་དུ་སློབ་ཚན་གཞན་དང་མཉམ་འབྲེལ་སློབ་སྦྱོང་ (Interdisciplinary study) བྱེད་རྒྱུའི་ནང་དུ་ཚུད་པ་ཞིག་རེད། དེས་ན་རིག་པའི་གཞུང་ལུགས་རྒྱ་ཆེན་པོ་དེ་ལྟ་བུ་ཞིག་ཁ་གསལ་ཞིང་གོ་བདེ་བའི་ལམ་ནས་དུས་ཐུང་ནང་ཞུ་ཐུབ་ཐབས་མེད། འོན་ཀྱང་དེའི་སྒྲོམ་གཞི་དང་ས་བཅད་ལྟ་བུའི་ཐོག་ནས་ཕྱོགས་སྟོན་ཙམ་ཞིག་ངོ་སྤྲོད་ཞུ་ན། ནུབ་ཕྱོགས་ཡུ་རོབ་དང་ཨ་མེ་རི་ཀ་གཉིས་ཀའི་ནང་དེའི་ཚོད་ལྟ་གང་འཚམ་ཤུགས་ཆེན་པོ་འགྲོ་བཞིན་པ་དང་། རྒྱ་གར་ནང་དུའང་ཕྱི་ལོ་ ༢༠༡༧ ཟླ་ ༧ ཙམ་ནས་སྐད་ཡིག་གི་བརྒྱུད་ལམ་མི་འདྲ་བའི་རྒྱ་གར་གྱི་སློབ་གྲྭ་བཅུ་གྲངས་ཤིག་ཏུ་འདིར་གྲ་སྒྲིག་བྱས་པའི་སློབ་ཚན་དེ་ཚོད་ལྟ་བྱེད་རྒྱུའི་འཆར་གཞི་ཡོད་པ་རེད།

ཁ རྒྱུ་རྐྱེན་གྱི་ཆ་ནས་ལྟ་བ།

ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་རྣམ་གཞག་འདི་འདྲ་ཞིག་ལམ་སྟོན་གནང་དགོས་པའི་རྒྱུ་རྐྱེན་ནི།

དང་པོ། ད་ལྟའི་གནས་སྐབས་སུ་འཇིག་རྟེན་ཁྱོན་ཡོངས་སུ་འགྲོ་བ་མིའི་རིགས་ཀྱིས་མཚོན་པའི་སྲོག་ལྡན་ཚང་མ་ལ་དཀའ་ངལ་གྱི་རྣམ་གྲངས་ཧ་ཅང་མང་པོ་ཞིག་དང་འཕྲད་བཞིན་པ་དང་། སའི་གོ་ལ་འཐོར་ཞིག་ལ་འགྲོ་རྒྱུའི་ཉེན་ཁ་ཡོད་སྐོར་ཡང་ཚན་རིག་པ་ཚོས་གསལ་འདོན་གནང་བཞིན་ཡོད། གང་ལྟར་རྒུད་པ་དེ་དག་གི་རྩ་བ་དང་ཡན་ལག་ཐད་རྒྱས་བཤད་མང་པོ་བྱེད་རྒྱུ་ཡོད་རུང་། དེ་ནི་འགྲོ་བ་མིའི་ཀུན་སྤྱོད་བཟང་པོ་རྣམས་ཉམས་ཆག་ཕྱིན་པའི་དབང་གིས་བྱུང་བ་ནི་གསལ་པོ་ཡིན། འདིའི་ཐད་ཁོང་གིས་གསུངས་དོན། རྒྱ་གར་བྱང་ཕྱོགས་ཀྱི་རི་སྒང་གྲོང་རྡལ་ཞིག་ཏུ་ཆགས་པའི་དྷ་རམ་ས་ལའི་ངོས་ཀྱི་སྡོད་གནས་འདི་ནི། ཕྱི་ལོ་ ༡༩༦༠ ཐམ་པའི་འགོ་སྟོད་ནས་བཟུང་ངའི་ནང་ཆགས་པ་དང་། འཆར་ཅན་ཞོགས་པ་ཆུ་ཚོད་གསུམ་དང་ཕྱེད་ཀ་ཙམ་ལ་ལང་རྒྱུ་ནི་ངའི་ཉིན་རེའི་གོམས་གཤིས་ཡིན། དེ་རྗེས་ཆུ་ཚོད་ཁ་ཤས་རིང་སེམས་ཀྱི་སྦྱོང་བརྡར་དང་སྒོམ་སྒྲུབ་གྲུབ་རྗེས། སྤྱིར་བཏང་ནས་རླུང་འཕྲིན་ཐོག་ནས་འཛམ་གླིང་གི་གསར་འགྱུར་ཉན་ཞིང་། མང་ཆེ་བ་ཨིན་ཇིའི་རྒྱང་བསྒྲགས་ལས་ཁུངས་(BBC) ཀྱི་གསར་འགྱུར་རྒྱང་བསྲིང་ཁག་ཉན་གྱི་ཡོད། འཛམ་གླིང་ནང་གི་གནས་ཚུལ་ཁག་ལ་རྒྱུས་མངའ་ཡོང་བའི་ལམ་ཞིག་ཏུ། དེ་ནི་ལོ་མང་རིང་ངོས་ནས་ལག་བསྟར་བྱེད་མུས་སུ་ཡོད་པའི་འཆར་ཅན་གྱི་བྱེད་སྒོ་ཞིག་ཡིན།

དངུལ་དང་དཔལ་འབྱོར། དུས་ཀྱི་གཉན་འཕྲང་། དཀའ་རྙོག དམག་འཁྲུག་སྐོར་གྱི་རྒྱུན་ཆད་མེད་པའི་སྙན་ཐོར་ངོས་ནས་ཉན་འཇོག་བྱེད་སྐབས། འཛམ་གླིང་ནང་ང་ཚོར་འཕྲད་བཞིན་པའི་ལྐོག་ཟ་རུལ་སུངས་དང་། ཁོར་ཡུག ཆབ་སྲིད་སོགས་ཀྱི་རྙོག་འཛིང་ཆེ་བའི་དཀའ་ངལ་རྣམས་ནི། བཟང་སྤྱོད་དང་ནང་སེམས་ཀྱི་རིན་ཐང་ཉམས་རྒུད་དུ་ཕྱིན་པའི་མཇུག་འབྲས་སུ་ངེས་པའི་བསམ་བློ་ཞིག་ངོས་ལ་ཧ་ལམ་རྒྱུན་དུ་འཁོར་གྱི་འདུག རིམ་པ་ཚང་མའི་ཐོག་རང་སྒྲིག་རང་སྲུང་གིས་ཕོངས་པ་ང་ཚོས་མཐོང་གི་ཡོད། དཀའ་ངལ་མང་པོ་ཞིག་ནི་རྣམ་དཔྱོད་བེད་སྤྱོད་གཏོང་མི་ཐུབ་པ་དང་། མིག་རྒྱང་ཐུང་ཐུང་ངམ་བློ་རྒྱ་ཆུང་བའི་ཉེར་ལེན་ལ་བརྟེན་ནས་བྱུང་།

དཀའ་ངལ་བྱེ་བྲག་པའི་རྒྱུ་རྐྱེན་རྣམས་རྙོག་འཛིང་ཧ་ཅང་ཆེན་པོ་ཡོད་པ་སྨོས་མ་དགོས། དཔེར་ན། མི་རིགས་ཀྱི་དྲག་སྤྱོད་དང་། གྱེན་ལོག དམག་འཁྲུག་བཅས་ཀྱི་རྐྱེན་རྩ་ནི། ཕལ་ཆེར་འགྱུར་བ་མེད་པར་ལོ་ངོ་བཅུ་ཕྲག་གམ་ཐ་ན་དུས་རབས་ཁ་ཤས་སྔོན་ནས་འགོ་ཚུགས་ཡོད། འོན་ཀྱང་ང་ཚོས་འགྲོ་བ་མིའི་དཀའ་རྙོག་དང་། དབུལ་ཕོངས། ཡང་ན་ཁོར་ཡུག་གཏོར་སྐྱོན་བཅས་གང་གི་སྐོར་ཤོད་ཀྱི་ཡོད་ཀྱང་། གལ་ཏེ་ད་དུང་ང་ཚོར་དཀའ་ངལ་དེ་དག་དངོས་གནས་རྩ་འགོག་གཏོང་རྒྱུའི་དོ་དབྱིངས་མཆིས་ཚེ། མཐར་གཏུགས་ན་དེ་དག་བཟང་སྤྱོད་ཀྱི་གནད་དོན་དང་འབྲེལ་ཡོད་པ་ང་ཚོས་ངོས་འཛིན་བྱེད་དགོས། ང་ཚོ་ཐུན་མོང་གི་དཀའ་ངལ་རྣམས་ནམ་མཁའ་ནས་ཟག་གི་མེད་ལ། སྟོབས་ཤུགས་ཆེ་བ་ཞིག་གིས་བཟོས་པའང་མིན། གཙོ་ཆེ་བ་ནི་འགྲོ་བ་མིའི་བྱ་སྤྱོད་དང་འགྲོ་བ་མིའི་ནོར་འཁྲུལ་གྱི་འབྲས་བུ་ཡིན། གལ་སྲིད་འགྲོ་བ་མིའི་བྱ་སྤྱོད་ཀྱིས་ཐོག་མ་ནས་དཀའ་ངལ་དེ་དག་བཟོ་ཐུབ་ཀྱི་ཡོད་ན། དེ་དག་གི་སེལ་ཐབས་འཚོལ་བར། ཏན་ཏན་འགྲོ་བ་མི་རྣམས་ལ་འཇོན་ཐང་ཙམ་མ་ཟད་ལས་འགན་ཡང་ངེས་པར་དུ་ལྡན་དགོས། ང་ཚོས་དེ་དག་ལེགས་བཅོས་ཐུབ་པའི་ཐབས་ལམ་གཅིག་པུ་ནི། ང་ཚོའི་ལྟ་སྣང་མཐོང་ཕྱོགས་དང་བསམ་བློ་གཏོང་ཕྱོགས་ལ་འགྱུར་བ་བཏང་ནས་ལས་ལ་འཇུག་རྒྱུ་དེ་ཡིན། ཞེས་གསུངས།

དེ་ཡང་ཅུང་ཟད་ཞིབ་ཏུ་བཤད་ན། ཕལ་ཆེར་ལོ་ངོ་ ༢༥༠ དང་ ༣༠༠ ཡས་མས་ཤིག་གི་སྔོན་ནས་ཚན་རིག་དང་འཕྲུལ་ལས་ཡར་རྒྱས་ཕྱིན་པའི་དབང་གིས་ནུབ་ཕྱོགས་བཟོ་ལས་ཅན་དུ་བསྒྱུར་བའི་གནས་ཚུལ་ལ་བརྟེན་ནས་འཇིག་རྟེན་ཁྱོན་ཡོངས་སུ་འགྱུར་ལྡོག་ཆེན་པོ་ཞིག་ཕྱིན་པ་དང་། དེའང་དཔལ་འབྱོར་བཟོ་ལས་ཅན་དུ་བསྒྱུར་བ་དང་ཆབས་ཅིག ཆབ་སྲིད་མང་གཙོའི་རིང་ལུགས་སུ་འགྱུར་བ་ཕྱིན་ཏེ། རྒྱལ་པོའི་རིང་ལུགས་དང་མི་གཅིག་དབང་འཛིན་གྱི་རིང་ལུགས་དེ་དག་རིམ་པས་མེད་པ་ཆགས་པ་དང་། ནུབ་ཕྱོགས་པའི་ཤོད་སྟངས་ལྟར་ན། དེ་ལ་བསྐྱར་སད་ཀྱི་དུས་ (Renaissance) ཞེས་ཡག་པོ་ཞིག་ལ་བརྩི་བ་ཡིན་ནའང་། ཡག་པོ་དེ་དང་མཉམ་དུ་སྡུག་པོའང་ཧ་ཅང་མང་པོ་ཁྲིད་ཡོང་བར་ངོས་འཛིན་གནང་གི་ཡོད་པ་རེད།

སྐབས་དེ་དག་ཏུ་ཆོས་དང་ཆབ་སྲིད་ཐ་དད་དུ་དབྱེ་དགོས་པའི་བསམ་ཚུལ་དང་ལས་འགུལ་ཤུགས་ཆེན་པོ་བྱུང་བ་ཡིན་སྟབས། འཇིག་རྟེན་སྲིད་ལུགས་རྐྱང་པ་ལ་ Secularism ཞེས་བརྗོད་སྐབས། ད་ལྟའང་ནུབ་ཕྱོགས་པའི་བསམ་བློའི་ནང་ཆོས་འགལ་རིང་ལུགས་དང་། ཆོས་འགོག་རིང་ལུགས། ཆོས་ལ་དགག་པ་རྒྱག་མཁན། ཆོས་མི་དགོས་ཟེར་མཁན་སོགས་ལ་བསམ་བློ་བཏང་ནས་ Secular ཞེས་པའི་ཚིག་ལ་ང་ཚོ་ཤར་ཕྱོགས་པས་གོ་བ་རྒྱག་སྟངས་བཞིན་མ་བརྒྱབ་པར་བརྟེན། ༧གོང་ས་མཆོག་གིས་མཛད་པའི་ཆོས་ལུགས་ཀྱི་མཚམས་ལས་འདས་པའི་སྤྱི་སྨན་གྱི་བཟང་སྤྱོད་ཀྱི་རྣམ་གཞག་སྟོན་པའི་ཕྱག་དེབ་དེའི་ཞལ་བྱང་གནང་བའི་སྐབས་སུ། ཐོག་མར་ Beyond Religion, Secular Ethics ཞེས་པ་ཡོད་ཀྱང་། ནུབ་ཕྱོགས་པའི་མཁས་པ་མང་པོས་ Secular ཞེས་བརྗོད་ན། ངེས་པར་དུ་ཆོས་ལ་འགལ་ཟླ་བྱེད་མཁན་དང་། ཆོས་ལ་དགག་པ་རྒྱག་མཁན་ལྟ་བུ་ཞིག་ཏུ་གོ་འགྲོ་བས་ Secular ཞེས་པའི་ཚིག་དེ་མ་འཇོག་རོགས་གནང་ཞེས་ཞུས་པར་བརྟེན་ནས། ད་ལྟ་ཕྱག་དེབ་དེའི་ཞལ་བྱང་ལ་ Beyond religion, Ethics for a whole world ཞེས་བཀོད་ཡོད་ནའང་། དེབ་དངོས་གཞིའི་ནང་ལོགས་སུ་ Secular Ethics ཞེས་པའི་ཚིག་དེ་ཡང་ཡང་བེད་སྤྱོད་གནང་ཡོད་པ་རེད། སྤྱིར་བཏང་ Secular ཞེས་པའི་ཚིག་དེ་ཨིན་སྐད་ཀྱི་ཚིག་མཛོད་ཆེན་པོ་(Encyclopedia) དེ་ཚོའི་ནང་དུ། དེའི་དོན་བཤད་སྟངས་མི་འདྲ་བ་ཕལ་ཆེར་ ༤༠ ཡས་མས་ཤིག་ཡོད་འདུག ལྷག་པར་དུ་རྒྱ་གར་གྱི་མཁས་པ་སློབ་དཔོན་ཨེ་ཀེ་སརཎ་ (Prof. A.K. Saran) ལྟ་བུ་ཡིན་ན་ Secular གྱི་རྣམ་གཞག་གསུང་སྟངས་དེ་རྦད་དེ་ཐ་དད་ཡིན་པ་དང་། བདག་ཉིད་ཆེན་པོ་གཱནྡྷཱི་(Mahatma Gandhi) དང་། ཨཱཅཱརྱ་བིནོབཱ་བྷཱབེ། (Acharya Vinobha Bhave) སྭཱམཱི་བིབེཀཱནནྡ་(Swami Vivekanand) སོགས་ཀྱི་གསུང་སྟངས་ལྟར་ན། Secular དེ་ཆོས་འགོག་རིང་ལུགས་དང་། ཆོས་འགལ་རིང་ལུགས་སུ་མ་བསྒྱུར་བར། “ཆོས་ལུགས་རིས་མེད་(སརྦ་དྷརྨ་སམྦྷབ) ལ་བསྒྱུར་ཡོད། རྒྱ་གར་གྱི་སྐད་དུ་སམྦྷབ་ཞེས་པ་དེ་གཅིག་གྱུར་གྱི་མཐོང་སྣང་དང་གཅིག་གྱུར་གྱི་གུས་ཞབས་ལ་གོ།

སརྦ་དྷརྨ་ཞེ་ན། ཆོས་ལུགས་ཐམས་ཅད་ཅེས་པའི་དོན་ཡིན། ཆོས་ལུགས་ཐམས་ཅད་ལ་ཉེ་རིང་མེད་པར་གཅིག་གྱུར་གྱིས་གུས་ཞབས་བྱེད་རྒྱུ་དེ་ Secular གྱི་གོ་དོན་ལ་བཟུང་བ་ལྟར། ང་ཚོས་བེད་སྤྱོད་བྱེད་པའི་ Secularism དང་། Secular Ethics གསུང་རྒྱུ་དེ་ཆོས་ལུགས་རིས་མེད་ཀྱི་གནས་སྟངས་མ་གཏོགས་ཆོས་འགལ་རིང་ལུགས་མིན་པ་དེ་གསལ་པོ་མཁྱེན་དགོས་པ་ཞིག་ཡིན་པ་རེད།

ཆོས་དང་ཆབ་སྲིད་གཉིས་ཐ་དད་དུ་དབྱེ་བ་ཕྱེ་བའི་རྗེས་སུ། མིའི་བཟང་སྤྱོད་ཀྱི་འགན་ཁུར་དེ་ཆོས་ལུགས་ཁག་ལ་མེད་པ་ལྟ་བུ་ཆགས་ནས་སློབ་གྲྭ་ཁག་གི་ནང་དུའང་ཆོས་ཀྱི་སྒོ་ནས་བཟང་སྤྱོད་ཀྱི་སློབ་སྟོན་མི་དགོས་པ་གཙོར་འདོན་གྱིས་ Secular གྱི་ལུང་པ་དེ་ཚོའི་སློབ་གྲྭ་ཁག་གི་ནང་ཆོས་བསླབ་ན་འགྲིག་གི་མ་རེད་ཅེས་པའི་གནས་སྟངས་སླེབས་པའི་བྱུང་རབས་ནང་ཆོས་སྲིད་ཐ་དད་དུ་ཕྱེ་བ་དང་། ཆོས་ལུགས་ཀྱིས་སློབ་གྲྭ་ཁག་གི་ནང་དུའང་བཟང་སྤྱོད་སློབ་སྟོན་མི་དགོས་པ་གཙོར་འདོན་བྱས་པ་དེ་ལྟ་ནའང་། འཇིག་རྟེན་ཁྱོན་ཡོངས་ཀྱི་བཟང་སྤྱོད་ལ་ལམ་སྟོན་ཐུབ་པའི་གཞུང་ལུགས་ཤིག་མེད་དུ་མི་རུང་བར་གཟིགས་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་རྣམ་གཞག་འདི་གསར་གཏོད་གནང་རྒྱུའི་དགོངས་བཞེས་གནང་བ་གསལ་པོ་རེད།

ད་དུང་ཁོང་གིས་འདི་ལྟར་དགོངས་པ་བཞེས་ཀྱི་ཡོད་དེ། ང་ཚོས་སོ་སོའི་ཕྲུ་གུ་ལ་བཟང་སྤྱོད་ཇི་ལྟར་བསླབ་དགོས་པ་ཡིན་ནམ། སྤྱིའི་ཆ་ནས་དེང་དུས་ཀྱི་སློབ་གསོའི་སྒྲིག་གཞིས་བླང་དོར་གྱི་རྣམ་གཞག་སྣང་མེད་དུ་བསྐྱུར་ཡོད་པར་སྙམ། འདི་ནི་ཕལ་ཆེར་བསམ་བཞིན་དུ་བྱུང་བ་ཞིག་མ་ཡིན་པར། ལོ་རྒྱུས་ཀྱི་དངོས་ཡོད་གནས་ལུགས་ལས་བྱུང་བའི་ཞོར་ཐོན་གྱི་མཇུག་འབྲས་ཤིག་རེད། ཆོས་ལུགས་ཀྱི་དབང་ཤུགས་འོག་མེད་པའི་སློབ་གསོའི་སྒྲིག་གཞི་ནི། ཆོས་ལུགས་ཀྱི་ཚོགས་སྡེ་ཁག་གིས་སྤྱི་ཚོགས་ཀྱི་ཕྱོགས་ཡོངས་ལ་དབང་ཚད་ཆེན་པོ་བཟུང་ཡོད་པའི་དུས་སྐབས་སུ་ཐོག་མར་དར་བ་དང༌། བཟང་སྤྱོད་དང་འགྲོ་བ་མིའི་རིན་ཐང་གཞན་རྣམས་སྤྱིར་ཆོས་ལུགས་ཀྱི་ཁྱབ་ཁོངས་སུ་གཏོགས་པར་འདོད་དང་འདོད་བཞིན་ཡོད་པས། ཕྲུ་གུ་ཞིག་གི་སྤྱོད་ལམ་གྱི་བླང་དོར་ནི་སོ་སོའི་ཆོས་ལུགས་ཀྱི་ལམ་སྟོན་འོག་འབྱུང་དགོས་པར་བསམ་པ་རེད། ལམ་སྲོལ་འདིས་ཆོས་ལུགས་ཀྱི་ཤུགས་རྐྱེན་ཉམས་འགོ་མ་ཚུགས་པའི་བར་དུ་དགོས་དོན་བསྒྲུབས་ཡོད་རུང༌། ད་ལྟ་སྔར་བཞིན་སྒྲུབ་ཐུབ་ཀྱི་མེད་སྟབས། འགྲོ་བ་མིའི་གཞི་རྩའི་རིན་ཐང་ནི་གལ་ཆེན་ཡིན་པ་ཕྲུ་གུ་ཚོར་སྟོན་པའི་ཐབས་ལམ་གཞན་ཞིག་ང་ཚོས་ངེས་པར་དུ་བཙལ་དགོས་པ་མ་ཟད། རིན་ཐང་དེ་རྣམས་གོང་འཕེལ་གཏོང་བར་ང་ཚོས་ཁོ་ཚོ་ལ་རམ་འདེགས་ཀྱང་ངེས་པར་དུ་བྱེད་དགོས། ཞེས་གསུངས།

གཉིས་པ། ཆོས་ལུགས་པ་སོ་སོའི་ཀུན་སྤྱོད་ཉམས་ཆག་ཏུ་ཕྱིན་ནས་ཁ་ནས་བཤད་པ་དང་ལག་ལེན་གཉིས་རྒྱབ་འགལ་དུ་ཕྱིན་པའི་དབང་གིས་ཆོས་དད་བརླག་པ་དང་། གང་ཟག་ལ་ཡིད་མ་ཆེས་པའི་དབང་གིས་ཆོས་ལའང་དོགས་པ་དང་ཐེ་ཚོམ་ཟོས་ཏེ་ཆོས་ལུགས་ཁྱབ་སྤེལ་ལ་དགག་བྱ་གནང་བ་བྱུང་ཡོད། དཔེར་ན། ང་ཚོ་ནང་པ་ལྟ་བུར་ཆ་བཞག་ནའང་ཉིན་ལྟར། “སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག" ཅེས་སོགས་འདོན་གྱི་ཡོད་རུང་། དངོས་གནས་ཚད་མེད་དེའི་ཚིག་དོན་དང་མཐུན་པའི་མི་ཚེའི་ཀུན་སྤྱོད་ཅིག་ལག་བསྟར་བྱེད་མཁན་ཧ་ཅང་དཀོན་པོ་ཆགས་པ་དང་། གང་ལྟར་ཆོས་ནས་བཤད་པ་དང་། གང་ཟག་གི་ཉམས་ལེན་གཉིས་པོ་རྒྱབ་འགལ་དུ་ཕྱིན་པའི་དབང་གིས་ཆོས་ལ་མི་དགའ་བ་དང་དགག་པ་རྒྱག་མཁན་ཡོང་གི་ཡོད་པ་དང་། དེའི་དབང་གིས། ཆོས་ལུགས་ལ་བརྟེན་པའི་བཟང་སྤྱོད་ཀྱི་རྣམ་གཞག་དེ་དག་གིས་འཇིག་རྟེན་སྤྱི་ཡོངས་ལ་ཞབས་འདེགས་སྒྲུབ་མ་ཐུབ་པའི་གནས་སྟངས་ཤིག་རང་བཞིན་གྱིས་སླེབས་པ་རེད། གནས་སྟངས་དེ་འདྲའི་འོག་༧གོང་ས་མཆོག་ནས་འཕྲལ་ཕུགས་རྒྱང་གསུམ་ལ་གཟིགས་ཏེ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་རྣམ་གཞག་འདི་གསར་གཏོད་གནང་བ་ཡིན་འདུག

ག ཕྱོགས་གཞན་ནས་ལྟ་བ།

དེ་ཡང་ཕྱོགས་གཞན་ཞིག་ནས་བལྟས་ན། འགྲོ་བ་མིའི་ལོ་རྒྱུས་འཕེལ་རིམ་དབྱེ་སྟངས་ཐད། ནུབ་ཕྱོགས་ཀྱི་ལོ་རྒྱུས་སྨྲ་བ་ཚོས་བསྐལ་བ་ཡ་ཐོག་གི་སྤྱི་ཚོགས་དང་། བྲན་གཡོག་སྤྱི་ཚོགས། བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས། མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་བཅས་དགར་སྲོལ་ཡོད་འདུག་པ་དང་། དེའི་སྟེང་མར་ཁེ་སིས། སྤྱི་ཚོགས་རིང་ལུགས་དང་། མ་འོངས་གུང་ཁྲན་རིང་ལུགས་ཞེས་བསྣན་པའི་བཞེད་སྲོལ་ཞིག་ཀྱང་གྲགས་ཆེ་བ་འདྲ། དེ་དག་གི་ཁྱད་ཆོས་ནི། བསྐལ་བ་ཡ་ཐོག་གི་སྤྱི་ཚོགས་ནི། རིགས་རྒྱུད་ཀྱི་སྤྱི་ཚོགས་ཏེ། ཁྱུ་དང་ཁྱུར་འཚོ་ཞིང་གནས་པའི་རི་དྭགས་བཞིན། རིགས་རྒྱུད་དེར་གཏོགས་སོ་ཅོག་གིས་སྤྱི་བར་འགན་ཁུར་བའི་ཐོག་ནས་ཡ་རབས་ཀྱི་འགྲིག་ལམ་བརྩི་སྲུང་བྱེད་པ་དང་། ཚང་མ་འདྲ་མཉམ་གྱི་ཐོག་ནས་རྒྱུ་ནོར་ལོངས་སྤྱོད་ཐུན་མོང་དུ་གསོག་སྒྲུབ་དང་བཀོལ་སྤྱོད་བྱེད་པ། དོན་དག་གལ་ཆེན་ཐུན་མོང་གིས་གྲོས་བྱས་ཏེ་ཐག་གཅོད་པ་སོགས་ཡ་ཐོག་རྫོགས་ལྡན་ཀྱི་སྤྱི་ཚོགས་ཞེས་འབོད་སྲོལ་ཡོད།

བྲན་གཡོག་སྤྱི་ཚོགས་ནི། ཐོན་སྐྱེད་ནུས་ཤུགས་ཡར་རྒྱས་སོང་བ་དང་བསྟུན། རིགས་རྒྱུད་དབར་འཁྲུག་རྩོད་བྱུང་སྟེ། གཅིག་འོག་གཅིག་ཏུ་བསྡུ་རེས་ཀྱིས། གཡུལ་ཕམ་མཁན་རྣམས་བྲན་གཡོག་ཏུ་བཀོལ་ཞིང་། སྤྱི་ལ་དབང་བ་དང་སྒེར་ལ་དབང་བའི་འདུ་ཤེས་བྱུང་སྟེ། དཔོན་འབངས་ཀྱི་རིམ་པ་བཏོད་པ་དང་། སྒེར་ལ་དབང་བའི་དངོས་ཟོག་ཉོ་ཚོང་དར་བས། དབུལ་ཕྱུག་གི་བར་ཁྱད་བྱུང་། རིགས་རྒྱུད་སྤྱི་ཚོགས་སྐབས་ཀྱི་འདྲ་མཉམ་དང་མང་གཙོའི་རྣམ་པ་དེ། འབྱོར་ལྡན་དང་སྟོབས་ལྡན་པ་སྒེར་བ་དག་གིས་དབང་བསྒྱུར་བྱེད་པའི་ལམ་དུ་སོང་བ་ཞིག་ཡིན།

བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ནི། བྲན་གཡོག་སྤྱི་ཚོགས་ཀྱི་དབང་འཛིན་པ་ཚོས་དམག་འཁྲུག་ལ་བརྟེན་ནས་མངའ་ཐང་རྒྱ་བསྐྱེད་དང་། ཆམ་ལ་ཕབ་པའི་མངའ་རིས་རྣམས་སུ་ནུས་ལྡན་གྱི་དབང་བསྒྱུར་བྱེད་ཆེད། མངའ་རིས་དེ་དག་བྱས་རྗེས་ཅན་གྱི་བློན་པོ་དང་། དགའ་ཉེ་བློ་དཀར་སོགས་ལ་གསོལ་བསྩལ་གནང་བས། དབང་ཆའི་སྒྲོམ་གཞི་གྲུབ་སྟངས་དེ་རྩེ་མོ་ནས་ཞབས་སུ་རིམ་པས་བཀྱེད་པའི་གཏོར་གཟུགས་ལྟར་སྲིད་དབང་སྒེར་གཅོད་ཀྱི་ལམ་ལུགས་བྱུང་བ་དང་། སྒེར་ལ་དབང་བའི་ལམ་ལུགས་ཀྱི་འདུ་ཤེས་ཇེ་ཟབ་དང་། དབུལ་ཕྱུག་གི་བར་ཁྱད་ཇེ་ཆེ། སྤྱི་ཚོགས་ཁ་གཏད་ཀྱི་རྣམ་པ་ཇེ་གསལ་དུ་སོང་བ་ཞིག་ཡིན།

མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་ནི། སྒེར་ལ་དབང་བའི་ལམ་ལུགས་ཁྱབ་འཕེལ་དུ་སོང་བ་དང་བསྟུན། ཚོང་ལས་དར་སྤེལ་དང་། ལྷག་པར་དུ་བཟོ་ལས་གསར་བརྗེ་བྱུང་བ་ལ་བརྟེན་ནས། མི་འབོར་དང་། མི་སྒེར་གྱི་ཡོང་འབབ་འཕར་སྣོན་བྱུང་སྟེ། མང་གཙོའི་ཀ་བ་གསུམ་གྱི་ལམ་ལུགས་དར་ཁྱབ་དང་། དཔལ་འབྱོར་བྱེད་སྒོ་རྣམས་སྒེར་བས་ཐག་གཅོད་བྱེད་པ་ལས། རྒྱལ་ཁབ་ཀྱིས་སྟངས་འཛིན་མི་བྱེད།

སྤྱི་ཚོགས་རིང་ལུགས་ནི། ཐོན་དངོས་དང་། རྒྱུ་ནོར། མ་རྩ། ས་ཆ་སོགས་ཐོན་སྐྱེད་རྒྱུ་ཆ་རྣམས་ཐུན་མོང་ངམ་རྒྱལ་ཁབ་ལ་དབང་བ་དང་། བཟོ་པ་གཙོས་པའི་འབྱོར་མེད་གྲལ་རིམ་གྱིས་དྲག་པོའི་གསར་བརྗེ་ལ་བརྟེན་ནས་སྲིད་དབང་སྒེར་འཛིན་བྱེད་པ་དེ་འདྲ་ཞིག་ལ་ཟེར་བ་ཡིན།

ད་ལྟའི་ཆར། གོ་ལ་ཧྲིལ་པོའི་དཔལ་འབྱོར་དང་འཛུགས་སྐྲུན། ཚན་རིག་ལག་རྩལ་སོགས་ལོ་རེ་ནས་ཟླ་རེ་བཞིན་གསར་གཏོད་ཀྱི་རྣམ་གྲངས་མང་ཞིང་གཞི་རྒྱ་ཆེན་པོས་འཕྲུལ་ལས་ཀྱི་ལག་རྩལ་ཇེ་མཐོ་དང་ཇེ་བཟང་དུ་ཕྱིན་པའི་དབང་གིས་འགྲོ་བ་མིའི་ཉིན་ཞག་ཕྲུགས་གཅིག་གི་འདོད་པའི་རེ་བ་གང་འཚམ་ཞིག་བསྐངས་དང་སྐོང་བཞིན་པའི་ཉེར་ལེན་ལས། གསར་དུ་འཚར་བཞིན་པའི་འཛམ་གླིང་གི་གཞོན་སྐྱེས་རྣམས་ཀྱི་འདུ་ཤེས་ལ་འགྱུར་བ་ཕྱིན་ཏེ། སོ་སོའི་ཕ་མེས་ནས་བརྒྱུད་པའི་ཆོས་ལུགས་ནི་ཉམ་ཆུང་བཤུ་གཞོག་གི་ལས་ཀར་བརྩིས་ནས་ཆོས་ལུགས་དེ་དང་དེ་ནས་བཤད་པའི་བསླབ་བྱ་སོགས་ལ་ཉན་འདོད་དང་ཀློག་འདོད་སོགས་མེད་པའི་དུས་རབས་ཀྱི་འགྱུར་འགྲོས་གསར་པ་ཞིག་འགོ་ཚུགས་ཡོད་ཅིང་། ཡ་རབས་དང་བཟང་སྤྱོད། གཞན་ཕན་དང་དོ་ཁུར། སྙིང་རྗེ་དང་བྱམས་པ་ལ་སོགས་པ་ནི་འགྲོ་བ་མིའི་ཚོགས་སྡེ་དེ་ཉིད་དུད་འགྲོའི་སྤྱི་ཚོགས་ལས་ཁྱད་པར་འབྱེད་ཆོས་གཙོ་བོ་དང་། རང་གཞན་ཀུན་གྱི་བདེ་སྐྱིད་ཀྱི་གཞི་མ་དང་། སྐྱེ་རྒུ་ཀུན་གྱི་སྤྱི་སྨན་ལྟ་བུ་ཡིན་མོད་ཀྱང་། བཟང་སྤྱོད་དེ་རྣམས་ཆོས་ལུགས་བྱེ་བྲག་པའི་བསླབ་བྱ་དང་། བློ་སྦྱོང་གི་རིགས་སུ་རློམ་ནས་སྤྱི་ཚོགས་བདེ་འཇགས་དང་། བདེ་སྐྱིད་ཀྱི་འཚོ་བར་མི་མཁོ་བར་ལྟ་བ་དང་། དེའི་སྐོར་ལ་གླེང་སློང་བྱེད་པ་ཤུགས་ཆེ་རུ་འགྲོ་བ་ནི། ལྟ་བ་སྙིགས་མར་སླེབས་པའི་དན་རྟགས་ཆེན་པོ་ཞིག་ཡིན། ལྟ་བ་འདི་ནི་རང་བཞིན་གྱིས་ཡུལ་ལུང་ཀུན་ཏུ་དར་ཁྱབ་འགྲོ་བཞིན་ཡོད་པ་རེད།

དེ་ཡང་། སྔོན་མར་མི་ཚོས་ཆོས་ལུགས་ལ་མཐོང་ཆེན་བྱས་ཤིང་། སྤྱི་ཚོགས་ཤིག་གི་ནང་མི་ཕལ་ཆེ་བ་ཆོས་ལུགས་གཅིག་གི་རྗེས་སུ་འབྲངས་ནས་བླང་དོར་གྱི་རྩ་འཛིན་རྣམས་རྒྱུན་འཁྱོངས་བྱས་ཡོད་མོད། ད་ལྟ་གནས་སྟངས་འདི་ལ་འགྱུར་བ་བྱུང་ཡོད་སྟབས། ང་ཚོས་གཞི་རྩའི་བླང་དོར་རྩ་འཛིན་རྣམས་གཏན་འབེབས་བྱེད་ཐབས་གཞན་ཞིག་ངེས་པར་དུ་འཚོལ་དགོས། ཞེས་གསུངས་ཡོད།

ཆོས་ལུགས་གཅིག་པུས་འཇིག་རྟེན་ཁྱོན་ཡོངས་ཀྱི་བདེ་སྐྱིད་བསྐྲུན་རྒྱུའི་གཞི་རྟེན་བྱ་རྒྱུར་ཁག་ཐེག་བྱེད་མི་ཐུབ་ལ། ཆོས་ལུགས་སྤྱི་དང་བྱེ་བྲག་གང་ཞིག་གིས་ཀྱང་འཇིག་རྟེན་ཀུན་ཁྱབ་ཀྱི་བཟང་སྤྱོད་སྤེལ་མི་ཐུབ་སྟེ། ཆོས་ལུགས་ཀྱིས་འདས་པའི་དུས་ཚོད་ནང་མི་ས་ཡ་མང་པོར་ཕན་བཏགས་ཡོད། ད་ལྟ་ཕན་འདོགས་བཞིན་པ་དང་། མ་འོངས་པར་ཡང་མུ་མཐུད་ཕན་གདགས་རྒྱུར་ཐེ་ཚོམ་མེད། འོན་ཏེ། དེས་ཀུན་སྤྱོད་ཀྱི་ལམ་སྟོན་དང་མི་ཚེ་དོན་དང་ལྡན་པ་བཟོ་བར་ཕན་ཐོགས་ཅི་ཙམ་ཡོང་རུང་། དེང་དུས་ཀྱི་དམིགས་བསལ་ཆོས་ལུགས་ལ་མ་བརྟེན་པའི་འཛམ་གླིང་ནང་། ཆོས་ལུགས་གཅིག་པུས་བཟང་སྤྱོད་ཀྱི་གཞི་རྟེན་ལྡང་གི་མེད། དེའི་རྒྱུ་མཚན་གཅིག་ནི། ད་ཆ་འཛམ་གླིང་ནང་གི་མི་མང་པོས་ཆོས་ལུགས་བྱེ་བྲག་པ་གང་གིའང་རྗེས་སུ་འབྲང་གི་མེད། རྒྱུ་མཚན་གཞན་ཞིག་ནི། གོ་ལ་གཅིག་གྱུར་དང་རིག་གཞུང་སྣ་མང་ཡོད་པའི་དུས་སྐབས་ཀྱི་སྤྱི་ཚོགས་ཤིག་གི་ནང་འཛམ་བུའི་གླིང་གི་མི་རྣམས་གཅིག་ལ་གཅིག་བརྟེན་ངང་ཤིན་ཏུ་ཉེ་བར་འབྲེལ་ནས་ཡོད་སྟབས། ཆོས་ལུགས་གང་ཡང་རུང་བ་གཅིག་ལ་གཞི་བཅོལ་བའི་བཟང་སྤྱོད་དེ་ང་ཚོ་ཁ་ཤས་ཀྱི་བློ་ལ་མ་གཏོགས་འཚམ་པོ་མེད་ཅིང་། ཚང་མར་དོན་སྙིང་ལྡན་པ་ཞིག་མི་ཡོང་། ཞེས་དང་། དེ་བཞིན་དུ། གལ་ཏེ་ཡ་རབས་སྤྱོད་བཟང་ནི་ངེས་པར་ཆོས་ལུགས་ཤིག་ལ་བརྟེན་དགོས་ཚེ། ལྟ་གྲུབ་ཡོད་པའི་ཆོས་བརྒྱུད་ཁག་གི་བསླབ་བྱ་ལ་བརྟེན་པའི་ཀུན་སྤྱོད་ནི་ཆོས་དད་མེད་པའི་སྐྱེ་བོ་ཚོར་ཁྱབ་མི་ཐུབ་པ་དང་། ཆོས་དད་མེད་པ་ཚོར་ཆོས་དད་མེད་པ་དང་ཆབས་ཅིག་བྱམས་བརྩེ་སོགས་ཡ་རབས་སྤྱོད་བཟང་དག་ཀྱང་འཐུས་ཤོར་བར་འགྱུར། ཞེས་གསུངས།

ཆོས་ལུགས་ནས་བཤད་པའི་བསླབ་བྱ་རྣམས་ཉན་མི་འདོད་པ་དང་ཆོས་དད་མེད་པའི་སྤྱི་ཚོགས་དར་ཤུགས་ཆེ་བའི་རྐྱེན་ལས་སྤྱི་ཚོགས་ནང་དུ་སྔར་ལས་ལྷག་པའི་དཀའ་ངལ་ཤུགས་ཆེ་འཕྲད་བཞིན་ཡོད། བརྩེ་བ་མེད་པའི་ཕ་མ། བརྩི་བཀུར་མེད་པའི་བུ་ཕྲུག ཕན་སེམས་མེད་པའི་འགོ་འཁྲིད། དོ་ཁུར་མེད་པའི་སྤྱི་ཚོགས། གཞན་སེམས་མེད་པའི་དུས་རབས་སོགས་དབྱར་མཚོ་ལྟར་རྒྱས་པའི་ངན་འབྲས་སུ་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་ཀུན་ཏུ་བཀྲ་མི་ཤིས་པའི་ཉེར་འཚེ་ཆུའི་གཉེར་མ་ལྟར་འབྱུང་བཞིན་ཡོད།

དེ་ཡང་ཆོས་ལུགས་རྐྱང་པ་གཅིག་གིས་མི་ཚང་མའི་འདོད་པ་ནམ་ཡང་སྐོང་མི་ཐུབ་པ་ངོས་ཀྱིས་ཤེས་རྟོགས་བྱུང་བ་ནས་བཟུང་། དེ་ནི་ངས་ཁས་ལེན་དམ་བཅའ་བྱས་པའི་ལས་གཞི་ཞིག་ཡིན། རང་ཅག་གི་རྒྱུ་སྐར་འདིའི་སྟེང་མི་ཐེར་འབུམ་བདུན་ཡོད་པའི་ཁྲོད་ཁམས་དང་མོས་པ་མི་འདྲ་བ་ཧ་ཅང་མང་པོ་ཡོད་པ་ནི་གནད་དོན་ཞིག་ཡིན། ཞེས་གསུངས།

དེ་ཉིད་ལས། འཛམ་གླིང་ནང་ང་ཚོར་འཕྲད་བཞིན་པའི་ལྐོག་ཟ་རུལ་སུངས་དང་། ཁོར་ཡུག ཆབ་སྲིད་སོགས་ཀྱི་རྙོག་འཛིང་ཆེ་བའི་དཀའ་ངལ་རྣམས་ནི། བཟང་སྤྱོད་དང་ནང་སེམས་ཀྱི་རིན་ཐང་ཉམས་རྒུད་དུ་ཕྱིན་པའི་མཇུག་འབྲས་སུ་ངེས་པའི་བསམ་བློ་ཞིག་ངོས་ལ་ཧ་ལམ་རྒྱུན་དུ་འཁོར་གྱི་འདུག ཅེས་གསུངས་ཡོད། བཟང་སྤྱོད་ཀྱི་འདུ་ཤེས་རྣམས་མེད་པའི་རྐྱེན་གྱིས་མི་ཚོགས་དཀྱུས་མའི་ནང་དུ་མེ་མདའ་འཕངས་ནས་ཉམ་ཆུང་དག་གི་སྲོག་ཕྲོགས་པའི་ལས་བྱས་པ་བརྗོད་ཀྱིས་མི་ལངས། དཔེར་ན། ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༥ ཉིན། ཨ་རིའི་ནེའི་ཀྲོན་གྱི་སློབ་འབྲིང་(Sandy Hook Elementary School) དུ་དོན་མེད་མེ་མདའ་འཕངས་ནས་ཕྲུ་གུ་ཉི་ཤུ་རྐྱེན་ལམ་དུ་ཕྱིན་པ་ནས་བཟུང་། ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༩ བར་ཨ་རིའི་སློབ་གྲྭ་མི་འདྲ་བ་ཁག་ ༩༤ ནང་བརྩེ་བ་དང་སྙིང་རྗེས་ཕོངས་པ་འགས་མེ་མདའ་འཕངས་ནས་ཁྱོན་ཕྲུ་གུ་མང་པོ་རྐྱེན་འདས་སུ་ཕྱིན་ཡོད།

དེ་བཞིན་ནོར་ཝེར་མཚོ་གླིང་གི་དོན་རྐྱེན་དང་། ཐེ་ཝན་མེ་འཁོར་དང་རྒྱ་ནག་ནང་དུ་ཡང་མི་ཚོགས་ཀྱི་དཀྱིལ་དུ་དོན་མེད་གྲི་དང་མེ་མདའ་བརྒྱབ་པས་བསད་རྨས་དང་། རྐུ་ཇག་འཕྲོག་གསུམ། ལོག་གཡེམ་བཙན་ཁྲིད་སོགས་ཀྱིས་མཚོན་པའི་མ་རུང་བའི་བྱ་སྤྱོད་རྣམས་ཉིན་རེ་ནས་ཉིན་རེར་ཇེ་མང་དུ་འགྲོ་བཞིན་པའི་རྣམ་པ་གསར་འགྱུར་ལས་རིགས་ལས་ཤེས་ཐུབ་ལ། མདོར་ན། ད་ལྟའི་བར་སྐྱེ་བོ་སྒེར་དང་ཚོགས་པ། ཡུལ་ལུང་དང་རྒྱལ་ཁབ་ཕན་ཚུན་དབར་འཁྲུག་རྩོད་བར་མ་ཆད་ལྟ་བུར་བྱུང་བ་གང་ཡིན་ཀྱང་། སྒོ་གསུམ་གྱི་བཟང་སྤྱོད་ཉམས་ཆག་ཏུ་ཕྱིན་པའི་དབང་གིས་ཐ་ན་མིའི་སྲོག་ལ་རྒོལ་བའི་གནས་ཚུལ་བྱུང་བ་ནི་བསམ་བརྗོད་ལས་འདས་པ་ཞིག་ཡིན། ངན་སྤྱོད་དེའི་རིགས་ནི་ཕྱིའི་དཔལ་འབྱོར་ཡར་རྒྱས་ཕྱིན་པ་དང་། ལྟ་སྲུང་འཕྲུལ་འཁོར། བདེ་འཇགས་སྲུང་སྐྱོབ་ཉེན་རྟོག་པ་ཅི་ཙམ་གྱིས་མང་བ་བཏང་བ་དེའི་ཚོད་ཀྱིས་དོན་ཕན་ལྡན་པའི་འབྲས་བུ་མ་འཐོན་པ་དང་། ཆོས་ལུགས་སོ་སོ་ནས་བཤད་པའི་བསླབ་བྱའི་ཕན་འབྲས་ཆེ་ན་ཡང་དེང་དུས་ཀྱི་སྤྱི་ཚོགས་ཀྱི་སྐྱེ་རྒུ་རྣམས་ནི། ཆོས་ལུགས་ཀྱི་བསླབ་བྱ་གང་ཡང་ཉན་འདོད་མེད་པའི་རྣམ་འགྱུར་མངོན་གསལ་ཇེ་ཆེར་འགྲོ་བཞིན་པའི་འགྱུར་ལྡོག་དང་། ཆོས་དད་མེད་པའི་མི་འབོར་གྱི་གྲངས་ཚད་ཀྱང་ལོ་རེ་ནས་ལོ་རེར་ཇེ་མཐོ་ཡིན་ཞིང་། བསམ་བློའི་རིན་ཐང་དང་བཟང་སྤྱོད་ཀྱིས་ཕོངས་པའི་སྤྱི་ཚོགས་ཀྱི་ཁ་ལོ་བསྒྱུར་བའི་ཐབས་ལམ་གཅིག་ཁོ་ན་ཡོད་པ་ནི། ནང་བསམ་བློའི་ཤེས་བྱ་དང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་འབའ་ཞིག་གོང་འཕེལ་དུ་གཏོང་རྒྱུ་ལས་ཐབས་གཞན་མ་གཟིགས་པས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ལོ་མང་རིང་འཛམ་གླིང་ཤར་ནུབ་གང་སར་ཞབས་ཀྱིས་བཅགས་པའི་ཉམས་མྱོང་ལས་རྣམ་གཞག་འདི་གསར་གཏོད་མཛད་པ་ཞིག་ཡིན།

དེ་ཡང་། ང་ཚོས་མིའི་སྤྱི་ཚོགས་ནང་རྒྱུན་དུ་མི་གསོད་རྐུ་འཕྲོག མགོ་སྐོར་གཡོ་སྒྱུ། གཞན་ལ་གནོད་འཚེ། ཉམ་ཐག་ལ་མཐོང་ཆུང་། སྤྱི་རྫས་ལ་བག་མེད། ཆང་རག་ལ་ངན་གོམས། སྤྱི་དོན་རྒྱབ་སྐྱུར། དུག་རྫས་འཐེན་པ། གྲོགས་མེད་དུ་ལུས་པ། འཁོན་འཛིན་དང་ཕྲག་དོག འགྲན་སེམས་དང་དངངས་སྐྲག་སོགས་མང་པོ་ཞིག་མཐོང་རྒྱུ་ཡོད། ངོས་ཀྱི་བསམ་པར་དེ་ནི་ང་ཚོས་ད་བར་ཀུན་སྤྱོད་དང་བསམ་བློའི་རིན་ཐང་བྱམས་བརྩེ་སོགས་སྣང་མེད་དུ་ཤོར་བའི་རྐྱེན་ལས་བྱུང་ཡོད། ཅེས་གསུངས་ཡོད། ཡང་། ངོས་རང་ས་ཕྱོགས་གང་དུ་ཕྱིན་ཀྱང་མི་ཚོས་སྡུག་སྐད་རྒྱག་གི་འདུག་ལ། ངོས་རང་ལ་མཚོན་ནའང་། དུས་ནས་དུས་སུ་མ་འགྲིགས་པའི་སྐོར་ཤོད་དགོས་པ་ཆགས་ཀྱི་འདུག

དེས་ན་ང་ཚོ་འགྲོ་བ་མི་རྣམས་ཀྱི་བྱ་སྤྱོད་ཁྲོད་ཏན་ཏན་གཅིག་གིས་ལྡང་གི་མེད་པ་དེ་གསལ་པོ་རེད། འོ་ན། མ་ལྡང་བ་དེ་གང་རེད་དམ་ཞེ་ན། ངའི་བསམ་པར། རྩ་བའི་དཀའ་ངལ་ནི། ང་ཚོས་ཕྱི་དངོས་པོའི་མཐུན་རྐྱེན་ཐད་རིམ་པ་མང་པོ་ཞིག་གི་ཐོག་ནས་དོ་སྣང་ཧ་ཅང་ཤུགས་ཆེ་བྱེད་པ་མ་གཏོགས། བཟང་སྤྱོད་དང་ནང་སེམས་ཀྱི་རིན་ཐང་ལ་དོ་སྣང་མི་བྱེད་པ་འདིས་ལན་པ་རེད། ཅེས་གསུངས་ཡོད།

འགྲོ་བ་མིའི་སེམས་ཀྱི་རིན་ཐང་དང་བཟང་སྤྱོད་གོང་འཕེལ་བཏང་བ་ཁོ་ནས་དཀའ་ངལ་དེ་དག་སེལ་ཐུབ་པའི་རྒྱུ་མཚན་ལེགས་པར་གཟིགས་ཏེ། འོན་ཀྱང་། རྙོག་གྲ་དེ་ཚོ་ནི་ཕན་ཚུན་ལ་བྱམས་དང་སྙིང་རྗེ་བསྐྱེད་པ་བརྒྱུད་ནས་སེལ་ཐུབ་ངེས་ཡིན་པ་མ་ཟད། ཅེས་དང་། དཀའ་ངལ་དེ་རྣམས་རང་བཞིན་གྱིས་ཡལ་འགྲོ་བའི་དོན་ཞིག་མིན་ཞིང་། རྙོག་གྲ་དེ་ཚོ་རེ་རེ་ལ་སེལ་ཐབས་བྱེ་བྲག་པ་རེ་དགོས་ངེས་རེད་མོད། ནང་སེམས་ཀྱི་ཆ་འདི་སྣང་མེད་དུ་བཏང་ཚེ། ང་ཚོས་དཀའ་ངལ་དེ་དག་གི་རྩ་བ་ནམ་ཡང་གཅོད་མི་ཐུབ་པ་གསལ་པོ་ཡིན། ཞེས་༧གོང་ས་མཆོག་ནས་དམིགས་བསལ་ཁུར་དུ་འཁྱེར་བའི་མཛད་འགན་གསུམ་གྱི་ནང་ནས་འགན་ཁུར་དང་པོ་ནི། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་སྐྲུན་ཐབས། ཞེས་འགྲོ་བ་མིའི་སེམས་ཀྱི་རིན་ཐང་དང་བཟང་སྤྱོད་གོང་འཕེལ་གྱི་སླད་དུ་ཐུགས་འཁུར་ལྷག་པར་བཞེས་གནང་སྟེ། འཛམ་གླིང་ཤར་ནུབ་གང་སར་ལོ་ལྟར་ཆེད་ཕེབས་དང་། མི་མང་འདུ་འཛོམས་སྐབས་བཀའ་སློབ་མང་པོ་ཞིག་གི་བརྗོད་གཞི་གཙོ་བོ་དེ་ཉིད་ཡིན་ཞིང་། མ་ཟད་ཆེད་མངགས་ཀྱིས་འགྲོ་བ་མིའི་ཀུན་སྤྱོད་གོང་འཕེལ་གྱི་སླད། རིག་པའི་གཞུང་ལུགས་གསར་པ་རེ་ལྗགས་རྩོམ་གནང་བའི་ཁྲོད། (Ethics for the New Millennium) སྟོང་ལོ་གསར་བའི་བླང་དོར་གྱི་རྣམ་གཞག་དང་། (Beyond Religion) ཆོས་ལུགས་ཀྱི་མཚམས་ལས་འདས་པ་ཞེས་པའི་གསུང་རྩོམ་གཉིས་ནི། བཟང་སྤྱོད་ཀྱི་ན་ཚ་ཕོག་པའི་འཇིག་རྟེན་གྱི་སྤྱི་སྨན་དུ་སྩལ་ཡོད།

དེར་བརྟེན་༧གོང་ས་མཆོག་ནི། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་རྣམ་གཞག་གསར་གཏོད་བྱེད་མཁན་དང་། འཇིག་རྟེན་ཁྱོན་ཡོངས་ཀྱི་ཁེ་ཕན་དང་བདེ་སྡུག་ལ་ཐུགས་ཁུར་ཆེན་པོས་འགྲོ་བ་མིའི་སེམས་ཀྱི་རིན་ཐང་དང་དགའ་ཕྱོགས་ཀྱི་བཟང་སྤྱོད་གཞི་རྟེན་དུ་བཟུང་ནས་ཤེས་ཡོན་གྱི་རིག་ཚན་བྱེ་བྲག་པ་གནད་ཆེ་ལ་ཕུགས་འཕེར་བའི་རྣམ་གཞག་མང་པོ་གསར་གཏོད་དང་ལག་ལེན་གོང་འཕེལ་གཏོང་རྒྱུར་ད་ལྟའི་ཆར་འཛམ་གླིང་ཁྱོན་ཡོངས་སུ་ཤུགས་རྐྱེན་ཆེས་ཆེ་བའི་རླབས་ཆེན་གྱི་སྐྱེས་བུར་ངོས་འཛིན་གཅིག་གྱུར་ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་ཡིན་པ་རེད།

ཁོང་གི་ཞལ་ནས་ཀྱང་ངས་དབང་བསྐུར་བ་དང་ལྷའི་རྣལ་འབྱོར་ཉམས་སུ་ལེན་པ་སོགས་ཉམས་ལེན་མང་པོ་བྱེད་ཀྱི་ཡོད་ཀྱང་། བྱང་ཆུབ་ཀྱི་སེམས་དང་རྟེན་ཅིང་འབྲེལ་བར་འབྱུང་བའི་ལྟ་བ་གཉིས་ནི། འཛམ་གླིང་གི་རིན་པོ་ཆེ་ཡིན་ལ། ངའི་རྒྱུན་གྱི་ཉམས་ལེན་གྱི་མཐིལ་ཡང་དེ་ཡིན་ཞེས་ཡོངས་གྲགས་ཐོག་གསུང་གི་ཡོད།

དེས་ན་གཤམ་གྱི་ལེ་ཚན་ཁག་ནང་། ནང་པ་ཞིག་དང་ཆོས་པ་ཞིག་ཡིན་པའི་ཆ་ནས་མ་ཡིན་པར། མི་ཐེར་འབུམ་བདུན་ལ་ཉེ་བ་ཡོད་པའི་ཁྲོད་ཀྱི་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས། འགྲོ་བ་མིའི་རིགས་ཀྱི་མདུན་ལམ་ལ་དོ་ཁུར་བྱེད་མཁན་ཞིག་དང་དེ་དག་གི་འབྱུང་འགྱུར་སྲུང་སྐྱོབ་དང་ཡར་རྒྱས་འགྲོ་ཕྱིར་ཕན་ཐོགས་བྱེད་འདོད་པའི་མི་ཞིག་ཡིན་པའི་ཆ་ནས་ངས་རང་གི་བསམ་ཚུལ་འབུལ་རྒྱུ་ཡིན། ཞེས་སོགས་གསུངས་པ་ལས་ཤེས་ནུས།

༣ རྣམ་གཞག་འདིའི་མིང་འབོད་སྟངས་ཐད་རིམ་པ་མི་འདྲ་བ་བྱུང་བ།

གཞུང་ལུགས་འདིའི་རྣམ་གཞག་གི་མིང་ནི། ཨིན་སྐད་དུ། Secular Ethics ཞེས་འབོད་ཅིང་། དེ་བོད་སྐད་དུ་སྒྱུར་སྐབས། འགྱུར་མི་འདྲ་བའི་དབང་གིས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་དམ། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད། ཆོས་ལུགས་ཀྱི་མཚམས་ལས་འདས་པའི་བཟང་སྤྱོད། འཇིག་རྟེན་མི་ཆོས་རིག་པ། (རྒྱ་གར་དུ་སློབ་དཔོན་ཀླུ་སྒྲུབ་ཀྱིས་རྒྱལ་པོ་བདེ་སྤྱོད་བཟང་པོ་ལ་གཏམ་དུ་བྱ་བ་རིན་པོ་ཆེའི་ཕྲེང་བ་ཞེས་པའི་ནང་། ཆང་མི་འཐུང་དང་འཚོ་བ་བཟང༌། །རྣམ་མི་འཚེ་དང་གུས་སྦྱིན་དང༌། །མཆོད་འོས་མཆོད་དང་བྱམས་པ་སྟེ། །མདོར་ན་ཆོས་ནི་དེ་ཡིན་ནོ། །ཞེས་བཟི་བྱེད་ཆང་སོགས་ཚོད་མེད་སྤྱོད་པ་སྤོང་བ། ཡང་དག་པའི་འཚོ་བར་རོལ་པ། ལུས་ངག་ཡིད་གསུམ་གྱི་སྤྱོད་པ་རྣམ་པར་མི་འཚེ་བ། སྦྱིན་གནས་ལ་གུས་པ། ཕ་མ་དང་དགེ་བའི་བཤེས་གཉེན་སོགས་ལ་མཆོད་པ། གཞན་ལ་བྱམས་པ་བཅས་གསུངས་པ་དང་། དེ་བཞིན་བོད་དུ་ཡང་དུས་རབས་བདུན་པའི་ནང་མི་ཆོས་གཙང་མ་བཅུ་དྲུག་གི་སྲོལ་ཡོད་པ་དང་། འབྲོམ་སྟོན་པའི་མི་ཆོས་གནད་ཀྱི་ཕྲེང་བ་ལྟ་བུ། དམ་པ་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ཞེས་ཡོངས་སུ་གྲགས་པ་ལྟ་བུ།) གཞན་ཡང་། ཨ་རི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དུ། ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༡༡ ཉིན་དགེ་ལྡན་ཕྱག་རྒྱ་ཆེན་པོའི་བཀའ་ཁྲིད་སྩལ་བའི་ནང་། ནམ་རྒྱུན་བོད་པའི་ཁ་རྒྱུན་ལའང་ལྷ་ཆོས་དགེ་བ་བཅུ་དང་། མི་ཆོས་གཙང་མ་བཅུ་དྲུག་ཅེས་བཤད་སྲོལ་ཡོད་པའི་མི་ཆོས་གཙང་མ་བཅུ་དྲུག་མིའི་ཐེག་པ་ལ་འཇོག་ཐུབ། མིའི་ཐེག་པ་ཞེས་པ་ཚེ་འདིའི་བདེ་སྐྱིད་ཡོང་བའམ། བདེ་ཞིང་སྐྱིད་པའི་མི་ཚེ་ཞིག་ཡོང་བ་ལ་མིའི་ཐེག་པ་དང་། ཞེས་པ་ནས། དེ་ལྟར་ན། མིའི་ཐེག་པ་ཞེས་པ་ནམ་རྒྱུན་ངས་བཤད་བཞིན་པའི་ Secular Ethics ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དང་ཏག་ཏག་འབྱོར་བ་འདུག ཅེས་གསུངས་པ་ལྟར་ན། མིའི་ཐེག་པ་ཞེས་པ་ལ་སོགས་པའི་ཐ་སྙད་མི་འདྲ་བ་དུ་མ་བེད་སྤྱོད་བྱེད་བཞིན་ཡོད།

ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༨ ཉིན་སྐུའི་གསུང་སྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་དྷ་སར་ཕེབས་སྐབས་དྷ་སའི་ཉེ་ཁུལ་གྱི་ལྟ་གྲུབ་དགེ་རྒན་དང་། སློབ་སྤྱི། ཤེས་རིག་ལས་བྱེད་བཅས་མི་གྲངས་ ༤༥ ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ངོ་སྤྲོད་སྐབས་ཐ་སྙད་གཅིག་གྱུར་ཡོང་གི་མེད་པའི་གནས་སྟངས་ཐད་གླེང་སློང་མང་པོ་བྱུང་ཡོད་འདུག

ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢༧ དང་ ༢༨ ཉིན་གཉིས་རིང་ལོར་དིལླཱིར་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་གོ་སྒྲིག་ཞུས་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་བསླབ་གཞི་གཏན་འབེབས་ཚོགས་འདུ་ལེགས་གྲུབ་རྗེས་ཆོས་རིག་བཀའ་བློན་གཙོས་པའི་བཀའ་བློན་ཁྲི་ཟུར་བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ། བཀའ་ཟུར་རྗེ་བཙུན་པདྨ། བཀའ་ཟུར་བསྟན་པ་ཚེ་རིང་། ཝཱ་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པ་དགེ་བཤེས་ངག་དབང་བསམ་གཏན་དང་། དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར། ཨེ་མོ་རིའི་གཙུག་ལག་སློབ་ཁང་གི་སློབ་དཔོན་ཆེན་མོ་བློ་བཟང་བསྟན་འཛིན། ཤེས་ལྷན་འགན་འཛིན་བཅས་ལྷན་འཛོམས་ཀྱིས་བོད་པའི་སློབ་ཁང་ནང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གནང་ཕྱོགས་སྐོར་གོ་བསྡུར་ཞུས་པའི་ཚིག་ཐོའི་ནང་། Secular Ethics ཞེས་པ་བོད་ཀྱི་སྐད་ཡིག་ནང་ཆོས་ལུགས་དང་མ་འབྲེལ་སོགས་མིང་དོད་གཏན་འབེབས་མེད་པར་བརྟེན་ཐ་སྙད་གཅིག་གྱུར་ཡོང་ཐབས་གོ་བསྡུར་ཞུས་པའི་མཐའ་དོན། “ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་"ཅེས་འབོད་ན་ལེགས་ཚུལ་སྤྱི་མོས་བྱུང་བ་ལྟར་གཏན་འབེབས་གནང་། ཞེས་བཀོད་འདུག་པ་ལྟར། ད་ལྟའི་ཆར་གཞུང་འབྲེལ་ཡིག་ཆའི་ནང་དེ་ལྟར་ལག་བསྟར་འགྲོ་བཞིན་པ་ཞིག་རེད་འདུག

༧རྒྱལ་བ་རིན་པོ་ཆེའི་དྲ་ཚིགས་སུ། འགན་ཁུར་དང་པོའི་སྡེ་ཚན་ནང་། རྒྱ་གར་གྱི་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་(Secular Ethics) ཟེར་བ་ནི། ཆོས་དང་མ་འབྲེལ་བར་འགྲོ་བཞིན་ཡོད་པ་རེད། རྒྱ་གར་གྱི་རྩ་ཁྲིམས་ཡིན་ནའང་ཆོས་ལུགས་རིས་མེད་ (Secular) གཞི་རྩ་ལ་བཞག་ཡོད་པ་གལ་ཆེན་པོ་རེད། ནུབ་ཕྱོགས་རྒྱལ་ཁབ་ནང་ལ་ཆོས་ལུགས་རིས་མེད་ (Secular) ཟེར་དུས་ཆོས་ལ་ངོ་རྒོལ་གྱི་མཐོང་ཚུལ་ཡོད་པ་དེ་གཉིས་ཐ་དད་རེད། ཅེས་གསུངས།

གང་ལྟར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་པའི་མིང་འདི་ཡག་ཤོས་ཡིན་པར་བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ལ་དྭགས་བོད་ཁྱིམ་དུ་གསུངས་ཡོད།

༤ ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་གོ་དོན།

སྤྱིར་བཏང་རྣམ་གཞག་འདི་ནི། གནའ་བོའི་འཇིག་རྟེན་མི་ཆོས་རིག་པ་ཟེར་བ་དེ་ཡིན་ངེས་ཀྱང་། འདིར་ནུབ་ཕྱོགས་ཡུལ་གྲུའི་གདུལ་བྱ་རྣམས་ལ་གཙོ་བོར་དམིགས་ནས་གསར་གཏོད་མཛད་པ་ཡིན་པས། ཡུལ་ལུང་དེ་དག་གི་བེད་སྤྱོད་གནང་བཞིན་པའི་ Secular Ethics ཞེས་པ་འདི་དང་འགྲོས་མཐུན་པར་ཆེད་སྤྱོད་བྱས་པའི་ཐ་སྙད་ཅིག་ཡིན། བོད་སྐད་དུ། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་བྱ་ཞིང་། དེའི་གོ་དོན་ནམ་ངོ་བོ་ནི། ཁོང་གིས་འདི་ལྟར་གསུངས་པ་སྟེ། མི་འགའ་ཞིག་དང་ལྷག་པར་དུ་ཡེ་ཤུ་དང་ཁ་ཆེའི་ཆོས་གྲོགས་ཕོ་མོ་ཁ་ཤས་ལ་ངོས་ནས་བེད་སྤྱོད་བྱེད་པའི་ཐ་སྙད་ཆོས་དང་མ་འབྲེལ་བ་ཞེས་པས་དཀའ་ངལ་བཟོ་གི་ཡོད་པ་ངས་ཤེས་ཀྱི་ཡོད། འགའ་ཞིག་གི་ངོར། ཚིག་དེ་ག་རང་གིས་མཐའ་གཅིག་ཏུ་ཆོས་ཁས་མི་ལེན་པའམ་ཡང་ན་དེ་བས་ཆོས་ལ་སྡང་འཛིན་བྱེད་པ་སྟོན་ཞིང་། ཁོང་ཚོའི་བསམ་པར། ཚིག་དེ་བེད་སྤྱོད་བྱེད་པས། བཟང་སྤྱོད་ཀྱི་རྣམ་གཞག་དང་མི་མང་གི་འཚོ་བའི་གནས་སྟངས་ཀུན་གྱི་ཁྲོད་ནས་ཆོས་ལུགས་ཟུར་འདོན་བྱེད་པར་ངས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ལྟར་མཐོང་ཤས་ཆེ། དེ་ནི་ངོས་ཀྱི་སེམས་ནང་གང་ཡོད་པ་དེ་རྩ་བ་ནས་མ་ཡིན། དེ་ལས་ལྡོག་སྟེ། ཆོས་དང་མ་འབྲེལ་བ་ཞེས་པའི་ཐ་སྙད་འདིའི་ཐད་ངོས་ཀྱི་གོ་རྟོགས་ནི། རྒྱ་གར་ནང་ཡོངས་གྲགས་སུ་བེད་སྤྱོད་བྱེད་སྟངས་དེ་ལས་བྱུང་བ་ཞིག་ཡིན། ཞེས་དང་། ཚིག་དེ་རྒྱ་གར་གྱི་བེད་སྤྱོད་བྱེད་སྟངས་ནང་། ཆོས་ལུགས་སམ་ཆོས་ལ་དད་པ་ཡོད་མཁན་ལ་རྒྱབ་འགལ་མིན་པ་ལྟ་ཅི། དོན་དངོས་སུ་ཆོས་ལུགས་ཚང་མར་སེམས་གཏིང་ནས་གུས་བཀུར་དང་བཟོད་གསོལ་དགོས་ཚུལ་སྟོན་ཞིང་། ཆོས་ལ་དད་པ་མེད་མཁན་ཚོ་ཡང་ཚུད་ཅིང་ཀུན་ལ་སྙོབ་པ་དང་ཕྱོགས་རིས་དང་བྲལ་བའི་སྤྱོད་ཚུལ་ཞིག་སྟོན་གྱི་ཡོད། ཅེས་དང་། ཡང་། ༧གོང་ས་མཆོག་གིས་ངོས་ནས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་(Secular Ethics) ཅེས་པ་ནི། མིའི་རིགས་ལ་ལྷན་སྐྱེས་སུ་ཡོད་པའི་གཞི་རྩའི་བཟང་གཤིས་རྣམས་ལྟ་གྲུབ་ཡོད་པའི་ཆོས་བརྒྱུད་ཁག་གིའང་བྱམས་བརྩེའི་བསླབ་བྱའི་རྨང་གཞི་རུ་གྱུར་པ་དེ་རྣམས་ལ་ཟེར་གྱི་ཡོད། ཅེས་དང་། རྒྱ་གར་གྱི་རྩ་ཁྲིམས་ཀྱང་ཆོས་དང་མ་འབྲེལ་བ་ཞིག་སྲོལ་གཏོད་བྱས་ཡོད། རྒྱ་གར་གྱི་ཆོས་དང་མ་འབྲེལ་བའི་རྩ་ཁྲིམས་གཏན་འབེབས་བྱས་པ་དེ་ནི་ཆོས་ལུགས་ལ་གུས་བརྩི་མེད་པ་ལྟ་བུ་མིན་པར་ཆོས་ལུགས་ཚང་མ་མཉམ་གནས་དང་མཉམ་དར་ཡོང་ཕྱིར་ཡིན། རྩ་ཁྲིམས་དེ་གཏན་འབེབས་ཡོང་བར་སྐུལ་འདེད་བྱེད་མཁན་བདག་ཉིད་ཆེན་པོ་གཱནྡྷཱི་གང་ཉིད་ཆོས་པ་གཤའ་མ་ཞིག་ཡིན། ལོ་རྒྱུས་ཐོག་ནས་གལ་འགངས་ཆེ་བའི་དཔེ་མཚོན་དེ་དག་མཐོང་སྟེ། ངོས་རང་ལ་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་དར་སྤེལ་གྱི་བྱ་བ་འདིར་མི་བདེ་བ་གང་ཡང་མ་བྱུང་། ཞེས་གསུངས་ཡོད། ཡང་། གོང་གསལ་འགན་ཁུར་དང་པོའི་སྡེ་ཚན་དེའི་ནང་དུ། རྒྱ་གར་གྱི་ཆོས་ལུགས་རིས་མེད་ཀྱི་བཟང་སྤྱོད་ Secular Ethics ཟེར་བ་ནི་ཆོས་དང་མ་འབྲེལ་བར་འགྲོ་བཞིན་ཡོད་པ་རེད། རྒྱ་གར་གྱི་རྩ་ཁྲིམས་ཡིན་ནའང་ཆོས་ལུགས་རིས་མེད་ Secular གཞི་རྩ་ལ་བཞག་ཡོད་པ་གལ་ཆེན་པོ་རེད། ནུབ་ཕྱོགས་རྒྱལ་ཁབ་ནང་ལ་ཆོས་ལུགས་རིས་མེད་ Secular ཟེར་དུས་ཆོས་ལ་ངོ་རྒོལ་གྱི་མཐོང་ཚུལ་ཡོད་པ་དེ་གཉིས་ཐ་དད་རེད། ཅེས་ནུབ་ཕྱོགས་པས་ཐ་སྙད་དེར་གོ་བ་ལེན་སྟངས་དང་། རྒྱ་གར་གྱི་རྩ་ཁྲིམས་ནང་གོ་བ་ལེན་སྟངས་དེ་མི་འདྲ་བ་ཞལ་གསལ་གནང་ཡོད།

བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ Secular ཞེས་པ་འདིའི་དོན་ནུབ་ཕྱོགས་པ་ཚོས་བཤད་ན། ཆོས་འགལ་རིང་ལུགས། ཆོས་མེད་རིང་ལུགས། ཆོས་འགོག་རིང་ལུགས་ཞེས་སོགས་ཆོས་ལ་ངོ་རྒོལ་གྱི་དོན་ཅན་ཞིག་ཏུ་འདོད་ཀྱང་། སྐབས་འདིར་དེ་འདྲ་མིན་པར་ཆོས་ལུགས་རིས་མེད་དམ་ཡང་ན་ཆོས་ལུགས་ལ་མ་བརྟེན་པ་ཙམ་གྱི་དོན་ཡིན་ཚུལ་དྷ་སྟེང་བོད་ཁྱིམ་དུ་གསུངས་ཡོད།

ཡང་ཐ་སྙད་དེའི་ནང་གསར་བརྗེའི་གོ་དོན་ཞིག་ཀྱང་ཡོད་ངེས་ཏེ། ལོ་བརྒྱ་ཕྲག་ལྷག་གི་ལས་འགུལ་ཏེ། མང་གཙོ་དང་། སྒེར་དོན་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱིས་ང་ཚོའི་བསམ་བློ་མཐོར་འདེགས་བྱས་ཡོད་ཀྱང་། ཐོག་མའི་དམིགས་ཡུལ་ཇི་བཞིན་ང་ཚོར་སྤྱི་ཁྱབ་ཀྱི་བདེ་སྐྱིད་ཅིག་བསྐྲུན་མེད། ང་ཚོར་གསར་བརྗེ་ཞིག་དགོས་པ་ནི་མངོན་གསལ་ཡིན་ནའང་། དེ་ནི་ཆབ་སྲིད་དང་། དཔལ་འབྱོར། འཕྲུལ་ལས་སོགས་ཀྱི་གསར་བརྗེ་ཞིག་མིན་ཞིང་། ཕྱི་ལ་ཕྱོགས་པའི་ལས་འགུལ་ཞིག་གིས་མི་འགྲིག་པ་འདས་པའི་དུས་རབས་འདིའི་ཉམས་མྱོང་གིས་གསལ་པོར་སྟོན་པ་དང་། ངོས་ཀྱིས་འདིར་གྲོས་གཞི་རུ་འདོན་བཞིན་པ་ནི། ཆོས་ཀྱི་གསར་བརྗེ་ཞིག་ཡིན། ཞེས་དང་། ངོས་ཀྱིས་གླེང་བཞིན་པའི་ཆོས་ཀྱི་གསར་བརྗེ་ནི། ཆོས་ལུགས་ཀྱི་གསར་བརྗེ་ཞིག་མིན་ལ། འཇིག་རྟེན་གཞན་ཞིག་ལ་ཕྱོགས་པའི་འཚོ་བ་སྐྱེལ་སྟངས་ཤིག་ཀྱང་མིན་ཞིང་། རྫུ་འཕྲུལ་དང་སྦས་དོན་གྱི་ལམ་ཞིག་དེ་བས་ཀྱང་མིན། འདི་ལས་ལྡོག་སྟེ། ངོས་ཀྱིས་གླེང་བཞིན་པའི་གསར་བརྗེ་ནི། རང་ཉིད་ཁོ་ན་བསམ་པའི་བདག་འཛིན་ཉུང་དུ་བཏང་ནས་རང་ཉིད་དང་འབྲེལ་བའི་མི་ཚོགས་ལས་གྲུབ་པའི་སྤྱི་ཚོགས་ལ་བློ་ཁ་ཕྱོགས་ཏེ། རང་གི་ཀུན་སྤྱོད་ཀྱི་ངོས་ནས་རང་གཞན་གཉིས་ཀའི་བདེ་བ་འདྲ་མཉམ་དུ་ངོས་འཛིན་པའི་འབོད་སྐུལ་ཞིག་ཡིན། ཞེས་དང་། ཆོས་ཀྱི་གསར་བརྗེ་ཞེས་པ་ནི། བླང་དོར་གྱི་གསར་བརྗེ་ཞིག་ཀྱང་ནང་དུ་འདུས་པའི་ནང་སེམས་ཀྱི་གསར་བརྗེ་ཞིག་ཡིན། ཞེས་དང་། མི་མང་ཆེ་བས་ཆོས་ལུགས་ཉམས་ལེན་བྱེད་ཀྱི་མེད་སྟབས། ངོས་ཀྱི་དམིགས་ཡུལ་ནི། ཆོས་ལུགས་ལ་སྐྱབས་མ་བཅོལ་བར་འགྲོ་བ་མི་སྤྱི་ལ་ཞབས་ཞུ་སྒྲུབ་ཐབས་ཤིག་འཚོལ་རྒྱུ་དེ་ཡིན། ཞེས་གསུངས།

དེས་ན་འདིར་ཆོས་ལུགས་ལ་མ་བརྟེན་པ་ཞེས་བརྗོད་ན་མ་གཏོགས་ཆོས་ལ་མ་བརྟེན་ཞེས་མ་བརྗོད་ན་དགེ་མཚན་ཆེ་བར་མཐོང་། ཆོས་དང་ཆོས་ལུགས་གཉིས་ལ་ཁྱད་པར་ཡོད་པ་ནི། དེ་ཉིད་ལས། ངོས་ཀྱི་ལྟ་ཚུལ་ལ། ཆོས་ལུགས་དང་ཆོས་གཉིས་ཀྱི་བར་ལ་ཁྱད་པར་གལ་ཆེན་ཞིག་འབྱེད་ཆོག ཆོས་ལུགས་ཞེས་པ་ནི། སྲོལ་རྒྱུན་གང་རུང་ཞིག་གིས་བཞག་པའི་མཐར་ཐུག་གི་གོ་འཕང་ལ་དད་པ་བྱེད་པ་དང་། མངོན་སུམ་ཡིན་པའི་འཇིག་རྟེན་གྱི་དངོས་ཡོད་གནས་ལུགས་ལས་འདས་པའི་ཡུལ་ཏེ། གཅིག་བྱས་ན་བཀོད་པ་པོའི་ཞིང་ཁམས་སམ་མྱང་འདས་ལྟ་བུའི་དོན་སྤྱི་སོགས་ཀྱང་དད་པ་དེའི་ཆ་ཤས་སུ་ཁས་ལེན་བྱེད་པའི་སྒྲིག་གཞི་ཞིག་ཡིན་ཞིང་། གསུང་རབ་དང་བཀའ་ལུང་། ཆོ་ག་དང་ཞལ་འདོན་སོགས་ནི་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ཅིག་ཡིན། འོན་ཀྱང་། ཆོས་ནི་རང་གཞན་གཉིས་ཀར་བདེ་བ་བསྐྲུན་པའི་འགྲོ་བ་མིའི་བློ་དང་འབྲེལ་བའི་ཡོན་ཏན་ཏེ། བརྩེ་བ་དང་སྙིང་རྗེ། བཟོད་པ་དང་དགོངས་ཡངས། ཆོག་ཤེས་དང་གཞན་བསམ། མཐུན་འབྲེལ་གྱི་འདུ་ཤེས་སོགས་ལ་གཙོ་བོར་འབྲེལ་ཡོད། ཅེས་གསུངས།

༥ ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་གཞི་རྟེན།

དེ་ཡང་རྣམ་གཞག་འདིའི་གཞི་རྟེན་ནི། ཡོངས་ཁྱབ་ཏུ་ཁས་ལེན་ནུས་པའི་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ལ་འཇུག་པའི་ཐབས་ལམ་ཆ་ཚང་བ་ཞིག་ལ། གཞི་རྩའི་རྩ་འཛིན་གཉིས་ཁོ་ན་ངོས་འཛིན་དགོས་པར་ཡིད་ཆེས་བྱེད་ཀྱི་ཡོད། འགྲོ་བ་མི་ཡིན་པའི་ཆ་ནས་དེ་གཉིས་ཀ་ང་ཚོའི་རྒྱུན་ལྡན་གྱི་མྱོང་བ་དང་རྒྱུན་ཤེས་ཀྱི་ཐོག་ལ་གཞི་བཞག་སྟེ་ལས་སླ་པོར་ཤེས་རྟོགས་ཐུབ། དེ་གཉིས་ཀ་དེང་དུས་ཉམས་ཞིབ་ཀྱི་རྙེད་དོན་ཐོག་ནས་ཁུངས་སྐྱེལ་ར་སྤྲོད་བྱས་ཡོད་ཅིང་། དམིགས་བསལ་བསམ་བློའི་ཚན་རིག་དང་། དབང་རྩའི་ཚན་རིག སྨན་དཔྱད་ཚན་རིག་ལྟ་བུའི་ཁྱབ་ཁོངས་ཁྲོད་ནས་ར་སྤྲོད་བྱས་ཡོད།

རྩ་འཛིན་དང་པོ་ནི། ང་ཚོ་འགྲོ་བ་མི་རིགས་གཅིག་གྱུར་ཡིན་པ་དང་། བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་གཅིག་གྱུར་གྱི་མངོན་འདོད་དེ་ངོས་འཛིན་བྱེད་དགོས།

རྩ་འཛིན་གཉིས་པ་ནི། ང་ཚོའི་ལུས་པོའི་གྲུབ་སྟངས་དངོས་ཀྱི་ཆ་ནས་སྤྱི་ཚོགས་ཀྱི་སེམས་ཅན་ཞིག་ཡིན་པ་ཚུད། འགྲོ་བ་མིའི་དངོས་ཡོད་གནས་ཚུལ་གྱི་ཁྱད་ཆོས་གཙོ་བོ་ཞིག་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་ནས་ཡོད་པའི་འབྲེལ་བ་ཤེས་རྟོགས་བྱ་རྒྱུ་དེ་ཡིན། རྩ་འཛིན་དེ་གཉིས་ཀྱི་ཐོག་ནས། ང་ཚོ་རང་ཉིད་དང་གཞན་གྱི་བདེ་ཐབས་གཉིས་སོ་སོར་འབྱེད་མི་ཐུབ་པའི་འབྲེལ་ལམ་ངོས་འཛིན་དང་ཤེས་རྟོགས་ཐུབ་ཅིང་། དེ་གཉིས་ཟུང་འབྲེལ་གྱི་ཐོག་ནས་བཟང་སྤྱོད་ཀྱི་གོ་རྟོགས་བསྐྲུན་རྒྱུ་དང་ནང་སེམས་ཀྱི་རིན་ཐང་རྒྱུད་ལ་སྐྱེད་པའི་གཞི་རྟེན་རན་པོ་ཞིག་འཛུགས་ཐུབ་པར་ངོས་ནས་ཡིད་ཆེས་བྱེད་ཀྱི་ཡོད། ཅེས་དང་། ང་ཚོར་ཆོས་ལུགས་ཀྱི་སྒྲོམ་གཞི་ཞིག་ཡོད་མེད་ལ་མ་ལྟོས་པར། བྱམས་པ་དང་། སེམས་པ་བཟང་པོ། བརྩེ་སེམས་བཅས་ཀྱི་ཕྱོགས་ལ་བློ་ཁ་ཕྱོགས་པའི་གཞི་རྩའི་འགྲོ་བ་མིའི་རང་གཤིས་ཤིག་ཡོད། ཅེས་དང་། ང་ཚོར་ཐོག་མ་ནས་ཆོས་ལུགས་ཀྱི་ཤུགས་རྐྱེན་ཐེབས་མེད་ཀྱང་ཕྲུ་གུའི་སྐབས་ནས་གཞན་ལ་བརྩེ་བ་དང་། བྱམས་པ་དང་། ཕན་སེམས་དང་། བཟོད་སྒོམ་སོགས་རང་གི་ངང་གིས་ཡོད་པ་དང་། དེ་དག་དང་འབྲེལ་བའི་ལུས་ངག་གི་བྱ་སྤྱོད་ཀྱང་རང་ཆས་སུ་ཡོད། དེའི་ཕྱིར་མི་ཀུན་ལ་ལྷན་སྐྱེས་སུ་ཡོད་པའི་བཟང་པོའི་རིགས་ཀྱི་བསམ་བློ་དང་བྱ་སྤྱོད་བཟང་པོ་འདི་དག་ལ་གཞི་བཅོལ་ཏེ། ངོས་ནས་ཆོས་ལུགས་དང་ལྟ་གྲུབ་བྱེ་བྲག་པ་གང་གིའང་ཁོངས་སུ་མ་གཏོགས་པའི་མིའི་གཞི་རྩའི་བཟང་སྤྱོད་དེ་དར་སྤེལ་གཏོང་ཐབས་བྱེད་ཀྱི་ཡོད། ཅེས་གསུངས། གང་ལྟར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་འདི་ཉིད་སློང་སའི་གཞི་རྟེན་ནམ་རྨང་གཞི་ནི། སེམས་ཅན་ཐམས་ཅད་འདྲ་མཉམ་ཡིན་པ་དེ་རེད། འདྲ་མཉམ་ཡིན་པ་དེ་གཞི་གང་ཞིག་གི་སྟེང་ནས་འཆད་ཀྱི་ཡོད་པ་རེད་ཟེར་ན། དེ་ལ་རྒྱུ་མཚན་ཆེན་པོ་གསུམ་ཡོད།

དང་པོ། སེམས་ཅན་ཐམས་ཅད་བདེ་བ་འདོད་ལ་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན།

གཉིས་པ། ཐམས་ཅད་ལ་བདེ་བ་སྒྲུབ་པ་དང་སྡུག་བསྔལ་སེལ་བའི་ཐོབ་ཐང་ཡོད་པ་གཅིག་མཚུངས་ཡིན།

གསུམ་པ། ཐམས་ཅད་ལ་བདེ་བ་སྒྲུབ་པ་དང་སྡུག་བསྔལ་སེལ་བའི་ནུས་པ་ཡོད་པ་གཅིག་མཚུངས་སུ་ཡོད་པ་གསུམ་ལ་བརྟེན་ནས་འདི་དམན་དང་དེ་མཆོག་གི་ཁྱད་པར་འབྱེད་རྒྱུ་ཅི་ཡང་མེད་པའོ། །

ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་འདིར་ཚན་རིག་གིས་རྒྱབ་རྟེན་བྱ་དགོས་པ་ལས་ཆོས་ལུགས་ཀྱི་རྒྱབ་རྟེན་བྱ་མི་རུང་སྟེ། ད་ལྟའི་སློབ་སྦྱོང་གི་སྡེ་ཚན་ཕལ་ཆེ་བ་དང་། ལྷག་པར་དུ་སེམས་ཁམས་དང་འབྲེལ་བའི་སློབ་སྦྱོང་དང་ཞིབ་འཇུག་གི་སྡེ་ཚན་དག་ཏུ་ཚན་རིག་གི་ཁུངས་སྐྱེལ་བྱ་རྒྱུ་གཙོ་འདོན་བྱེད་བཞིན་པ་ང་ཚོས་མཐོང་གསལ་རེད། ཆོས་དང་བཀའ་ལུང་ལ་ཡིད་ཆེས་མེད་མཁན་གཙོ་བོར་གྱུར་པའི་ཆོས་ལུགས་འདྲ་མིན་གྱི་སྐྱེ་བོ་དག་ལ་གཅིག་མཐུན་གྱི་ཁས་ལེན་ཡོད་པའི་ཤེས་ཡོན་སློབ་གསོ་ཞིག་དགོས་པས། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་འདིའི་རྒྱབ་རྟེན་ནི། ཚན་རིག་ཡིན་དགོས་པ་ལས་ཆོས་ལུགས་བྱེ་བྲག་པ་གང་ཡང་མིན། དེར་བརྟེན། རྣམ་གཞག་འདི་ཉིད་ཚན་རིག་རང་བཞིན་ཅན་ཞིག་ཏུ་བསྒྱུར་རྒྱུ་གལ་ཆེ་སྐོར་ནན་བརྗོད་གནང་ཡོད།

༦ ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་འབྱུང་ཁུངས།

དེ་ཡང་རྣམ་གཞག་འདིའི་འབྱུང་ཁུངས་ནི། སྙིང་རྗེ་ལ་བརྟེན་པ་ཞིག་ཡིན། བཟང་སྤྱོད་ཀྱི་བསམ་ཚུལ་དངོས་གནས་དེ་ཀུན་སློང་ལ་བསམ་ཞིབ་མ་བྱས་པར་ཡོང་ཐབས་མེད། གལ་སྲིད་ང་ཚོས་སོ་སོའི་མགོ་ཤིང་སྡོང་ཞིག་ལ་བརྡབས་པ་ན། ང་ཚོས་ཤིང་སྡོང་ལ་ཁག་དཀྲི་བྱེད་དམ། དེ་ལྟར་མི་བྱེད་པ་བརྗོད་མི་དགོས། ཀུན་སྤྱོད་ཀྱི་འགན་འཁྲིའི་བསམ་ཚུལ་གྱིས་ནང་གི་ཀུན་སློང་ཁྲོད་གང་གཏོགས་པ་སྔོན་ཚུད་ནས་ཚོད་དཔག་བྱེད་ཀྱི་ཡོད། དེར་བརྟེན་ངའི་ངོར། ཀུན་སློང་གི་རིམ་པར་སྒོ་མ་བསྟུན་པར་བཟང་སྤྱོད་འགྲེལ་བརྗོད་བྱ་རྒྱུ་དེ་ཆ་མ་ཚང་བ་ལྟ་བུར་མངོན།

མདོར་ན། ནང་གི་ཀུན་སློང་ནི་བཟང་སྤྱོད་ཀྱི་ཁྱད་ཆོས་གལ་ཆེ་ཤོས་ཤིག་ཡིན། ང་ཚོའི་ཀུན་སློང་གཙང་མ་ཡོད་པ་དང་། ལྷག་བསམ་རྣམ་དག་གིས་གཞན་གྱི་ཁེ་ཕན་ལ་བློ་ཁ་ཕྱོགས་སྐབས། རང་བཞིན་གྱིས་ང་ཚོའི་བྱ་སྤྱོད་རྣམས་བཟང་སྤྱོད་ཀྱི་ཆ་ནས་ལྷད་མེད་པ་ཞིག་ཆགས་རྒྱུ་རེད། རྒྱུ་མཚན་དེ་ལ་བརྟེན་ནས། ངོས་ནས་སྙིང་རྗེ་ནི་བཟང་སྤྱོད་ཀྱི་ཐབས་ལམ་ཡོངས་རྫོགས་ཀྱི་རྩ་བ་ཚུགས་སའི་གཞི་རྟེན་གཙོ་བོ་ཞིག་ཏུ་བརྩི་འཇོག་བྱེད་ཀྱི་ཡོད། དེ་ནི་དྲང་བདེན་ཐེ་བའི་ང་ཚོའི་བཟང་སྤྱོད་ཀྱི་རིན་ཐང་ཡོད་དོ་ཅོག་དང་གཞིའི་རྣམ་གཞག་འབྱུང་ས་སྟེ་སྙིང་རྗེ་དང་བཅས་གཞན་གྱི་བདེ་དོན་ལ་སེམས་ཁུར་བྱེད་པ་ཞིག་ལས་ཡོང་གི་ཡོད། ཅེས་གསུངས། བཟང་སྤྱོད་དེ་ཡང་འགྲོ་བ་མི་ཚང་མར་ཡོང་ཆོག་པའི་གཞི་རྟེན་ནི། འགྲོ་བ་མིའི་རང་བཞིན་སྙིང་རྗེའི་རང་བཞིན་ཅན་ཡིན་པ་ཚན་རིག་གིས་ར་སྤྲོད་བྱས་ཡོད་སྐོར་དང་། མི་རྣམས་རང་གི་ཨ་མ་ལས་སྐྱེས་པའི་སྐབས་ནས་སྙིང་རྗེའི་ས་བོན་ཡོད་སྐོར་༧གོང་ས་མཆོག་ནས་སྐུ་སྒེར་ལ་དཔེ་བཞག་ནས་གསུང་གི་ཡོད། དཔེར་ན། ཁོང་གིས། ངོས་ཀྱི་སྙིང་རྗེའི་དགེ་རྒན་དང་པོ་དེ་ནི་ང་རང་གི་ཨ་མ་ཡིན། ཁོང་ནི་ཞིང་པ་གཉོམ་ཆུང་ཞིག་གི་ཁྱིམ་རྒྱུད་འཛིན་མ་ཞིག་ཡིན་ཞིང་། ཡི་གེ་འབྲི་ཀློག་ཀྱང་ཤེས་ཀྱི་མེད། འོན་ཀྱང་སྙིང་རྗེའི་བསམ་པས་ཤུགས་རྐྱེན་གཏིང་ཟབ་པོ་ཐེབས་པའི་ཁོང་ལས་ལྷག་པའི་དཔེ་མཚོན་གྱི་མི་སྣ་ཞིག་བསམ་བློར་འཁོར་ཐུབ་ཀྱི་མི་འདུག ཁོང་གིས་སུ་དང་ཕྲད་ཀྱང་ཚང་མར་ངང་རྒྱུད་འཇམ་པོ་དང་སེམས་པ་བཟང་པོས་གཞན་རྒྱུད་བརླན་པར་བྱེད། ངོས་ཀྱི་པ་ལགས་ལ་མཚོན་ན་དེ་ལས་ལྡོག་སྟེ། ཅུང་སྤྲོ་ཐུང་ཞིང་ཐ་ན་མཚམས་རེར་ང་ཚོ་ཕྲུ་གུ་ཚོར་ཐལ་ལྕག་གཞུ་བཞིན་ཡོད། ངོས་རང་བྱམས་སེམས་ཤིན་ཏུ་ཆེ་བའི་ཨ་མ་དེ་ལྟ་བུ་ཞིག་ཏུ་སྐྱེས་ཤིང་། ཁོང་གི་དམིགས་བསལ་བརྩེ་སེམས་ཀྱི་བྱམས་སྐྱོང་ཐོབ་པ་བསོད་ནམས་ཤིན་ཏུ་ཆེ་བ་དང་། དེས་ཏན་ཏན་རང་རྒྱུད་ལ་སྙིང་རྗེ་སྐྱེ་བར་ཕན་ཐོགས་ཆེན་པོ་བྱུང་ཡོད། འོན་ཀྱང་ཕྲུ་གུ་ཆུང་ཆུང་ཞིག་ཡིན་པའི་ཆ་ནས། སྐབས་རེར་ངས་ཁོང་གི་སེམས་བཟང་བེད་སྤྱོད་ལོག་པར་བཏང་ཡོད་སྲིད། ཁོང་གིས་ང་རང་ཕྲག་པའི་སྟེང་དུ་ཁྱེར་ནས་འགྲོ་བའི་སྐབས། ངས་ཁོང་གི་རྣ་ཅོག་གཡས་པ་འཐེན་པ་དང་། གཡོན་དུ་འགྲོ་འདོད་ན། ངས་ཁོང་གི་རྣ་ལྕོག་གཡོན་མ་འཐེན་གྱི་ཡོད། ཁོང་གིས་ལམ་ནོར་དུ་ག་དུས་ཕྱིན་ཀྱང་། ངས་རྙོག་གྲ་མང་པོ་ཤོད་ཀྱི་ཡོད། སྐབས་དེར་ངས་བརྡ་གཏོང་བ་ཁོང་གིས་མ་མཁྱེན་ཁུལ་གནང་བ་དང་། ངས་སྐད་ཅོར་ཚ་བོ་ག་ཚོད་བརྒྱབ་ཀྱང་སྐུ་རླུང་མ་བཞེངས་པར་བཟོད་སྒོམ་གནང་གི་ཡོད།།

མདོར་ན། ཁོང་གིས་ག་དུས་ཡིན་ཀྱང་མི་སུ་གཅིག་ལའང་སྐུ་རླུང་བཞེངས་པ་ངས་དྲན་གྱི་མི་འདུག རང་གི་བུ་ཕྲུག་གཅིག་པུ་མིན་པར། ཁོང་ནི་སུ་དང་ཕྲད་ཀྱང་ཚང་མར་དམིགས་བསལ་གྱི་སེམས་པ་བཟང་བའི་མི་ཞིག་ཡིན། དེ་ལྟ་བུའི་ཨ་མ་ཞིག་གིས་རང་གི་བུ་ཕྲུག་ལ་བཅངས་པའི་བརྩེ་བ་ནི་གཙོ་ཆེ་བ་ལུས་ཀྱི་གྲུབ་སྟངས་ཀྱི་ཆ་ནས་ཡིན་པར་ཐེ་ཚོམ་མེད། མ་ཡི་ལྷན་སྐྱེས་ཀྱི་རྣམ་འགྱུར་དེ་ཧ་ཅང་ཤུགས་ཆེ་བ་དང་། དེས་ཨ་མ་ཞིག་གིས་རང་གི་ཕྲུ་གུར་ལྟ་སྐྱོང་བྱེད་སྐབས། སོ་སོའི་ལུས་ཀྱི་མི་བདེ་བ་དང་ངལ་དུབ་རྣམས་གཏིང་བརྗེད་དུ་འགྲོ་བར་རམ་འདེགས་བྱེད་ཀྱི་ཡོད། དེ་ལྟར་རང་ཉིད་བློས་གཏོང་བྱེད་པ་ནི། ཁོང་གི་ཤེས་ཡོན་གྱི་ཆུ་ཚད་དང་། བཟང་སྤྱོད་ཀྱི་གོ་རྟོགས་སམ་དེ་མིན་གཞན་གང་དང་ཡང་མ་འབྲེལ་བར། དེ་ནི་ཕྱོགས་ཡོངས་ནས་ལྷན་སྐྱེས་ཤིག་ཡིན། ཞེས་དང་། ད་དུང་ཁོང་གིས་དཔེ་མཚོན་སྟབས་བདེ་ཞིག་འདི་ལྟར་གསུངས་ཡོད། ཉེ་ཆར་ཉི་ཧོང་ནས་ཨ་རིར་གནམ་གྲུའི་ནང་མཚན་གཅིག་འགྲུལ་བཞུད་ཅིག་གི་སྐབས། ཨ་མ་ཞིག་གིས་བཙས་མ་ཐག་པའི་རང་གི་ཕྲུ་གུར་བཅངས་པའི་བརྩེ་དུང་གི་ནུས་ཤུགས་དེས་ང་ལ་དྲན་སྐུལ་བྱས་བྱུང་།

གནམ་གྲུའི་ནང་ངའི་རྒྱབ་ཀྱི་སྟར་པ་དེ་གར་ཕྲུ་གུ་ཆུང་ཆུང་གཉིས་ཡོད་པའི་བཟའ་ཚང་གཞོན་གཞོན་ཞིག་བསྡད་འདུག ཕྲུ་གུ་རྒན་པ་དེ་ཕལ་ཆེར་ལོ་ན་གསུམ་མམ་བཞི་ཙམ་དང་། ཆུང་བ་དེ་ཕལ་ཆེར་ལོ་ན་གཅིག་ཙམ་སོན་པའི་ཕྲུ་གུ་མ་འབྱར་ཞིག་རེད་འདུག གནམ་གྲུ་འཕུར་མ་ཐག་ཕྲུ་གུ་རྒན་པ་དེ་ཧ་ཅང་ཧུར་པོ་དང་བློ་ངར་ཆེན་པོས་ཕར་ཚུར་རྒྱུགས་པ་དང་། ཕ་དེས་ཕྲུ་གུ་རྐུབ་སྟེགས་ཐོག་ཚུར་འཁྲིད་ཡོང་ཕྱིར་ཕྲུ་གུའི་རྗེས་སུ་རྒྱུག་བསྡད་སོང་། སྐབས་ཤིག་ལ་ངས་ཕྲུ་གུ་དེར་བྱི་རིལ་གཅིག་སྤྲད་པ་ཡིན། ཁོ་པས་ཁ་ནས་ཚིག་གཅིག་ཀྱང་མ་ལབ་པར་བྱི་རིལ་བླངས་རྗེས། མུ་མཐུད་ཉེ་འཁོར་དུ་རྒྱུགས་ཕྱིན་པ་དང་། ཆབས་ཅིག་ཕྲུ་གུ་ཆུང་བ་དེ་ངུ་གིན་འདུག ཨ་མ་དེས་ཕྲུ་གུ་པང་དུ་བླངས་ནས་རྐུབ་སྟེགས་ཁྲོད་ཀྱི་ལམ་ཆུང་སྟེང་ཡར་མར་ཁྱེར་ཏེ་ངུ་གསོ་ཐབས་བྱས་སོང་། མཐར་ཕྲུ་གུ་རྒན་པ་དེ་ཐང་ཆད་ནས་ཁ་ཁུ་སིམ་པོར་གྱུར་ཏེ་གཉིད་ལ་ཡུར་ཀྱང་། ཕྲུ་གུ་མ་འབྱར་དེས་སྡོད་ཚུགས་མེད་པར་མུ་མཐུད་དེ་ངུས་ནས་བསྡད་སོང་། དང་པོ་ཕ་དེས་ཕྲུ་གུ་ལ་ལྟ་སྐྱོང་བྱེད་རོགས་བྱས་ཀྱང་། མཐར་ཁོ་རང་ཡང་མར་བསྡད་དེ་གཉིད་ཤོར་འདུག ཕྱི་ཉིན་ཞོགས་པར་ངས་ཨ་མ་དེའི་མིག་དམར་པོ་ཆགས་པ་མཐོང་བྱུང་། ཁོང་གཉིད་མེད་པར་མཚན་གང་ཕྲུ་གུ་དེར་ལྟ་སྐྱོང་བྱས་ནས་བསྡད་པ་འདྲ། འོན་ཀྱང་ཨ་མ་དེར་སྡང་འཛིན་ནམ་ཁོང་ཁྲོའི་ཤུལ་ཙམ་ཡང་མེད་པར། ད་དུང་མོ་རང་གི་ཕྲུ་གུར་ཧ་ཅང་ངང་རྒྱུད་འཇམ་པོ་དང་དགའ་ཞེན་ཆེན་པོས་ལྟ་སྐྱོང་བྱེད་ཀྱི་འདུག

ངོས་རང་ལ་ཆ་བཞག་ན། དེ་ལྟར་བཟོད་སྒོམ་བྱེད་ཐུབ་ཀྱི་རེད་བསམ་གྱི་མི་འདུག དེ་ལྟ་བུའི་ཨ་མ་ཞིག་གིས་རང་གི་ཕྲུ་གུ་ལ་བཅངས་པའི་བརྩེ་དུང་ནི་ཆ་རྐྱེན་མེད་པའི་བརྩེ་དུང་གི་རྣམ་འགྱུར་རིགས་ཤིག་ཡིན་ཞིང་། ངོས་ནས་སྙིང་རྗེ་ནི་ང་ཚོ་ཐུན་མོང་གི་བཟང་སྤྱོད་དམ་སེམས་ཀྱི་རིན་ཐང་གི་འབྱུང་ཁུངས་ཤིག་ཡིན་སྐོར་སྐད་ཆ་ཤོད་པའི་ནང་དོན་དེ་ཡིན། དེ་ལྟ་བུའི་བརྩེ་དུང་དེ་ཡེ་ཤུའི་ཆོས་ལུགས་ནང་མེ་ཊོ་ནཱ་ (Madonna) དང་། ཁོང་གི་ཕྲུ་གུའི་དབར་གྱི་བརྩེ་དུང་གིས་ལེགས་པར་མངོན་ཞིང་། ངོས་ནས་དེ་ཧ་ཅང་སྟོབས་ཤུགས་ཆེན་པོ་ཞིག་ཏུ་མཐོང་གི་འདུག ཅེས་གོ་སླ་བོའི་སྒོ་ནས་གསུངས་ཡོད།

༧ སྙིང་རྗེའི་རིམ་པ་རྒྱ་བསྐྱེད་ཚུལ།

སྙིང་རྗེ་ནི་བདེ་ཐབས་ཀྱི་རྩ་བ་ཡིན་པ་དང་། མི་ཞིག་གི་མི་ཚེའི་ནང་དུ་གཞན་གྱི་བྱམས་བརྩེ་ནི་ཐོག་མཐའ་བར་གསུམ་དུ་དགོས་པ་དང་། དེའང་ཐོག་མའི་རིམ་པ་ནི། མངལ་གྱི་གནས་སྐབས་ནས་འགོ་འཛུགས་རྒྱུ་དང་། དེ་ལ་གཞན་གྱི་བརྩེ་བ་དེ་རང་ལ་ཐོབ་པའི་རིམ་པ་འདི་ནི་ང་ཚོ་མ་ཤི་བར་དུ་དགོས་པ་ཞིག་ཡིན། གཞན་གྱིས་ཚུར་སྙིང་རྗེ་སྤྲོད་རྒྱུ་ནི་ང་ཚོའི་ལུས་སེམས་གཉིས་ཀའི་བདེ་ཐང་དང་འབྲེལ་བ་གལ་ཆེན་ཡིན་པར་མ་ཟད། དེ་ལས་ཀྱང་གལ་ཆེ་བ་ནི། ང་ཚོས་ཕར་གཞན་དག་ལ་བརྩེ་བ་སྤྲོད་རྒྱུ་ནི་བདེ་སྐྱིད་ཀྱི་གཞི་མ་དེ་ཡིན། དེ་ལྟར་བྱས་ན། རང་དོན་ཁོ་ན་གཙིགས་འཛིན་གྱི་བློ་དེ་ཉིད་ལ་རྒྱབ་ཀྱིས་ཕྱོགས་ཏེ། རང་གཅེས་འཛིན་ལས་རིང་དུ་གྱེས་ཏེ་གུ་ཡངས་པོ་ཞིག་ཆགས་པ་དང་། རང་དོན་གྱི་ཚོར་བ་རྣོན་པོ་ཇེ་ཉུང་དུ་ཇི་ཙམ་སོང་བ་དེའི་ཚོད་ཀྱིས་བདེ་འཇགས་ཀྱི་ཚོར་བ་ཤུགས་ཆེན་པོ་སླེབས་ཐུབ། སྙིང་རྗེ་ལ་ལྷན་སྐྱེས་ཀྱི་སྙིང་རྗེ་དང་། བློ་སྦྱོང་གི་སྙིང་རྗེ་གཉིས་ཡོད་པ་དང་། དང་པོ་ནི། ལྷན་སྐྱེས་ཀྱི་ཆ་དེ་ཉིད་གཞི་ལ་བཞག་ནས་རང་དང་འབྲེལ་ཡོད། དཔེར་ན། གྲོགས་པོ་དང་མི་རིགས་གཅིག་པ། སྐད་ཡིག་གཅིག་པ། རྒྱལ་ཁབ་དང་ལུང་པ་གཅིག་པ་སོགས་རྒྱུ་མཚན་དུ་བྱས་ནས་གཞན་ལ་བརྩེ་བ་སྤྲོད་པ་འདི་ནི། ཞེན་ཆགས་ལས་མ་འདས་པ་ཞིག་ཡིན་པ་དང་། དེ་ནི་ཁྱོད་དང་ང་། ང་ཚོ་དང་ཁྱོད་ཚོ་ཞེས་ཕྱོགས་ཞེན་གྱི་བློ་སྣས་དྲངས་པ་ཞིག་ཡིན་ལ། དེ་ནི་བརྩེ་བ་ཆ་རྐྱེན་ཅན་ཞེས་པ་དེ་ཡིན། རིམ་པ་གཉིས་པ་ནི། མི་ཡིན་པ་རྒྱུ་མཚན་དུ་བྱས་ནས། རང་དང་གཅིག་མཚུངས་སུ་ལྟ་བའི་བློས་དྲངས་པའི་བརྩེ་བ་སྟེ། བརྩེ་བ་དེ་གང་ཟག་རྒྱུ་མཚན་དུ་བྱས་པ་ལས་བྱ་བ་རྒྱུ་མཚན་དུ་བྱས་པ་མ་ཡིན་པ། ཧ་ཅང་བརྟན་པོ་དང་རང་དོན་ཞོར་ལ་འགྲུབ་པ་ཞིག་ཡིན། ཁོང་གིས་སྙིང་རྗེ་དེ་ལ་རིམ་པ་གཉིས་ཕྱེ་གནང་གི་ཡོད་སྐོར་འདི་ལྟར། སྤྱིར་བཏང་ངོས་ཀྱིས་སྙིང་རྗེ་ལ་རིམ་པ་གཉིས་འབྱེད་ཀྱི་ཡོད། དང་པོ་དེ་ཨ་མ་ཞིག་གིས་རང་གི་ཕྲུ་གུར་བཅངས་པའི་བརྩེ་དུང་དཔེ་ལ་བཀོད་དེ་གོང་དུ་འགྲེལ་བརྗོད་བྱས་པ་བཞིན་ལུས་པོའི་གྲུབ་སྟངས་ཀྱི་ཆ་ནས་ཡོང་བའི་རིམ་པ་གཅིག་དང་། གཉིས་པ་དེ་རྒྱ་བསྐྱེད་པའི་རིམ་པ་སྟེ་ཆེད་དུ་མངགས་ནས་སྐྱེད་དགོས་པའི་རིམ་པ་ཞིག་ཡིན།

ཨ་མས་རང་གི་བུ་ཕྲུག་ལ་བཅངས་པའི་བརྩེ་དུང་བཞིན། ལུས་པོའི་གྲུབ་སྟངས་ཀྱི་ཆ་ནས་ཡོང་བའི་སྙིང་རྗེ་དེ་ཆ་རྐྱེན་མེད་པ་ཞིག་ཡིན་པ་མ་ཟད། དེ་ནི་ད་དུང་ཕྱོགས་ལྷུང་ཅན་ཞིག་དང་དམིགས་ཡུལ་ཚད་ཅན་ཞིག་ཡིན། དེ་ལྟར་ནའང་། དེ་ཧ་ཅང་གལ་འགངས་ཆེན་པོ་ཆགས་ཡོད། གང་ཡིན་ཞེ་ན། དེ་ནི་ཕྱོགས་ལྷུང་བྲལ་བའི་སྙིང་རྗེ་སྐྱེ་ཐུབ་པའི་ས་བོན་ཡིན། ང་ཚོས་སེམས་བཟང་པོ་བྱ་ཕྱིར་སོ་སོའི་ལྷན་སྐྱེས་ཀྱི་ནུས་པ་དེ་བེད་སྤྱོད་གཏོང་ཐུབ་པ་དང་། རང་གི་བློ་གྲོས་དང་ཡིད་ཆེས་བེད་སྤྱད་ནས་དེ་རྒྱ་སྐྱེད་གཏོང་དགོས།

སྤྱིར་བཏང་ནས་བཤད་ན། ང་ཚོས་སོ་སོའི་གཉེན་ཉེ་རྣམས་ལ་སེམས་ཁུར་བྱ་རྒྱུའི་འདོད་ཕྱོགས་ཤུགས་ཆེན་པོ་ཞིག་ཟུར་འཇོག་བྱས་ཡོད། དེ་རྗེས་ང་ཚོས་སྤྱི་ཚོགས་གང་རྒྱ་ཆེ་ས་སྟེ། དཔེར་ན། སྐད་ཡིག་དང་། ས་གནས། ཡང་ན་ཆོས་ལུགས་གཅིག་གྱུར་ཡོད་པ་རྣམས་ལ་རྒྱ་བསྐྱེད་གཏོང་གི་ཡོད། དེ་ནི་རྦད་དེ་རང་བཞིན་ལྷན་སྐྱེས་དང་སྟོབས་ཤུགས་ཆེན་པོ་ཡིན། གནད་དོན་གཅིག་གི་ཐོག་ལ་དམིགས་པའམ་ཡང་ན་སྡེ་ཚན་བྱེ་བྲག་པ་ཞིག་ལ་ཉེ་བའི་ཚོར་བ་སླེབས་ཏེ་མི་རྣམས་ལ་ཀུན་སློང་ཤུགས་ཆེན་པོ་བྱེད་སྐབས། བྱ་བ་རླབས་ཆེན་བསྒྲུབ་པའི་ནུས་པ་ལྡན་ཡོད། དེ་ལྟ་བུའི་ཚོར་བས་མི་རྣམས་ཀྱི་དབར་མཛའ་མཐུན་སྐྲུན་སྲིད་པ་དང་ཁོང་ཚོར་རང་ཉིད་ཀྱི་གུ་དོག་པའི་རང་ཁེ་དོན་གཉེར་གྱི་ལྟ་བ་ལས་འདའ་བར་རོགས་རམ་བྱེད། གནད་དོན་དེའི་ཐོག་ནས་བལྟས་ན་ཚོར་བ་དེ་དག་ཕན་ཐོགས་ཆེན་པོ་ཡོད། འོན་ཀྱང་སྟབས་མི་ལེགས་པ་ཞིག་ལ་དེ་ལྟའི་མཛའ་འབྲེལ་དེ། ཁྱིམ་ཚང་དང་། སྤྱི་ཚོགས། རྒྱལ་ཁབ། སྐད་ཡིག ཡང་ན་ཆོས་ལུགས་བཅས་གང་ལའང་གཞི་བཞག་ཀྱང་། རྒྱུན་དུ་ང་ཚོ་དང་ཁོང་ཚོ་ཞེས་དབྱེ་འབྱེད་ཀྱི་གནས་སྟངས་ཤུགས་ཆེན་པོ་ཞིག་དང་མཉམ་དུ་གནས། དཀའ་ངལ་ནི་ང་ཚོས་སྡེ་ཚན་འདི་དང་དེ་ཞེས་པ་གཅིག་པུའི་ཐོག་ནས་སོ་སོར་ལྟ་བའི་སྐབས། རྒྱ་ཆེ་ས་ནས་འགྲོ་བ་མི་ཡིན་པའི་ང་ཚོའི་ངོ་བོ་དེ་དྲན་པ་བརྗེད་ཉེན་ཆེ།

ཕྱོགས་ལྷུང་གི་ཚོར་བའི་གྲུབ་ཆ་གཙོ་བོ་ཞིག་ནི། ང་ཚོས་ཞེན་ཆགས་རེད་ཅེས་བརྗོད་ན་ཆོག ཐེངས་གཅིག་ཨར་ཇན་ཊི་ནར་(Argentina) ཚན་རིག་གི་ཚོགས་འདུ་ཞིག་ཚོགས་པའི་སྐབས། ངོས་ཀྱི་སློབ་སྟོན་པ་དང་གྲོགས་པོ་ཕ་རན་སི་སེ་ཁོ་ ཝེ་རི་ལ་(Francisco Varela) ལགས་ཀྱིས། ཚན་རིག་པ་ཞིག་ཡིན་པའི་ཆ་ནས། ཁོ་རང་གིས་སོ་སོའི་ཉམས་ཞིབ་བྱ་ཡུལ་གཅིག་པུར་ཧ་ཅང་ཆགས་ནས་སྡོད་ཀྱི་མེད། གང་ཡིན་ཞེ་ན། དེས་བདེན་དཔང་ཇི་མ་ཇི་བཞིན་འཚོལ་ཞིབ་བྱེད་པའི་ཁོ་རང་གི་ནུས་པར་འགོག་རྐྱེན་བྱེད་སྲིད་ཅེས་གསུངས་བྱུང་། སྐད་ཆ་དེ་དག་ཐོས་མ་ཐག་ངའི་སེམས་ནང་། ཆོས་ལུགས་ཀྱི་ཁྱབ་ཁོངས་ནང་དུའང་ཁོང་ཚོས་ངེས་པར་དུ་དེ་བཞིན་ལག་བསྟར་བྱེད་དགོས་ཀྱི་འདུག་ཅེས་པའི་བསམ་བློ་འཁོར་བྱུང་། དཔེར་ན། ནང་པ་ཞིག་ཡིན་པའི་ཆ་ནས། ངས་ནང་ཆོས་ལ་ཞེན་ཆགས་ཆེན་པོ་ཡོང་སླད་འབད་བརྩོན་ནམ་ཡང་བསྟེན་རྒྱུ་མེད། དེ་ལྟར་བྱས་ན། ཆོས་ལུགས་གཞན་གྱི་རིན་ཐང་མཐོང་བའི་ངའི་ནུས་པར་འགོག་རྐྱེན་བཟོ་སྲིད།

དེར་མ་ཟད་ཞེན་ཆགས་ཀྱི་གྲུབ་ཆ་ཡོད་པའི་སྐབས། ང་ཚོས་གཞན་ལ་བརྩེ་བ་དང་སེམས་ཁུར་བྱ་རྒྱུ་དེ་རྒྱུན་དུ་གཞན་གྱིས་ང་ཚོར་ཚུར་འབྲེལ་བ་བྱེད་སྟངས་ལ་རག་ལས་ཏེ། སུས་ང་ཚོར་ལྟ་སྐྱོང་དང་ཡག་པོ་བྱེད་པ་དེ་ལ་ང་ཚོས་ཕར་སེམས་ཁུར་གྱི་ཚོར་བ་སླེབས་ཀྱི་ཡོད། འོན་ཀྱང་ང་ཚོས་གཞན་སྟེང་དུ་དམིགས་པའི་བརྩེ་བ་དེ་སོ་སོ་རང་ཉིད་ཀྱི་དམིགས་ཡུལ་དང་རེ་བ་འགྲུབ་མིན་ལ་རག་ལས་པའི་དབང་གིས། དེ་རྟག་ཏུ་སྐྱོན་ཅན་ཞིག་ཏུ་འགྱུར་གྱི་རེད། གཞན་གྱིས་ང་ཚོའི་རེ་བ་སྒྲུབ་པ་དེ་སྲིད་དུ། ཚང་མ་བཀྲ་ཤིས་ལོ་ལེགས་ངང་འགྲོ་གི་ཡོད། འོན་ཀྱང་དེ་ལྟར་མ་སྒྲུབ་ཚེ། ང་ཚོའི་བརྩེ་བའི་སེམས་པ་དེ་འཁོན་འཛིན་དང་ཐ་ན་ཞེ་སྡང་དུ་ལས་སླ་པོར་འགྱུར་སྲིད།

འོན་ཏེ་རྒྱ་བསྐྱེད་ནས་ཡོད་པའི་ཀུན་ཁྱབ་སྙིང་རྗེ་དེ་རང་གཅེས་འཛིན་གྱི་གྲུབ་ཆ་གང་གིས་ཀྱང་རྩ་བ་བྱས་མེད་ཅིང་། འགྲོ་བ་མི་གཞན་ཚང་མའང་རང་དང་འདྲ་བར་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཤེས་པའི་ཐོག་ལ་གཞི་རྩ་བྱས་ནས་ཡོད། དེ་ལྟ་བུའི་སྙིང་རྗེའི་ཐོག་ནས། ང་ཚོས་གཞན་ལ་སེམས་ཁུར་བྱེད་པ་དེ་ཕྱོགས་ཡོངས་ནས་བརྟན་པོ་ཞིག་དང་གཞན་གྱིས་ང་ཚོར་རྣམ་འགྱུར་གང་བསྟན་པ་དེས་ཤུགས་རྐྱེན་ཐེབས་ཀྱི་མེད། ཐ་ན་གཞན་གྱིས་ང་ཚོར་སྡིགས་ར་བསྐུལ་བའམ་ཁ་ངན་ཚིག་རྩུབ་སྨྲས་ཀྱང་། ང་ཚོས་ཁོང་ཚོར་བཅངས་པའི་སྙིང་རྗེ་དང་ཁོང་ཚོའི་བདེ་དོན་ཆེད་སེམས་ཁུར་བྱེད་པ་རང་སོར་གནས་རྒྱུ་རེད། དེས་ན། བཅོས་མིན་གྱི་སྙིང་རྗེས་མིའི་སྤྱོད་ལམ་ལ་མ་དམིགས་པར་མི་དེ་ཉིད་ལ་དམིགས་ཀྱི་ཡོད།

འཁོན་འཛིན་དང་། ཁོང་ཁྲོ། སྡང་སེམས་ཀྱིས་ང་ཚོར་ཁེ་ཕན་གང་ཡང་སྐྲུན་གྱི་མེད་སྟབས། དེ་ལྟའི་ལྷད་མེད་ཅིང་ཆ་རྐྱེན་མེད་པ་དང་ཕྱོགས་ལྷུང་བྲལ་བའི་སྙིང་རྗེའི་ཐོག་ནས་ང་ཚོས་གཞན་ཀུན་ལ་རོགས་རམ་བྱ་རྒྱུ་ནི་ང་ཚོ་རང་ཉིད་ཀྱི་ཁེ་ཕན་ཡིན་པ་གསལ་པོ་རེད། དེ་ལྟར་བྱེད་པས་ཏན་ཏན་ང་ཚོར་ཁེ་ཕན་ཡོང་རྒྱུ་རེད།

ངོས་ཀྱིས་དགོས་འདུན་ག་རེ་འདོན་གྱི་ཡོད་ཅེ་ན། ང་ཚོས་སྡེ་ཚན་འདིའམ་དེ། ཡང་ན། བྱེ་བྲག་པ་ཞིག་ལ་ཉེ་པོ་ཚོར་བའི་ཚད་ཅན་ནམ་ཕྱོགས་རིས་ཀྱི་ལྟ་ཚུལ་དེ་ལས་བརྒལ་ཏེ། དེའི་ཚབ་ཏུ་འགྲོ་བ་མིའི་རིགས་ཚང་མར་ཉེ་བའི་ཚོར་བ་ཞིག་སླེབས་པ་བྱེད་དགོས། ང་ཚོ་ལ་དང་ཁོང་ཚོ་ལ་ཞེས་པའི་སྤྱོད་ཚུལ་གྱིས་རྒྱུན་དུ་དཀའ་རྙོག་ཡོང་རྐྱེན་བྱེད་ཅིང་ཐ་ན་དམག་འཁྲུག་ཀྱང་སློང་གི་ཡོད། དེ་ལས་ལེགས་པ་དང་། དོན་དངོས་དང་མཐུན་པ་ཞིག་ལ་ང་ཚོ་ཞེས་པའི་ཐ་སྙད་བེད་སྤྱོད་བྱེད་དགོས།

འགའ་ཞིག་ལ་ཀུན་ཁྱབ་སྙིང་རྗེའི་བསམ་ཚུལ་འདི་གཅིག་བྱས་ན་ཆེས་སེམས་གཙོ་སྨྲ་བ་དང་ཐ་ན་ཆོས་ལུགས་ཀྱི་ཡིན་པ་ལྟ་བུར་མངོན་སྲིད། ངོས་ནས་དེ་ཆེས་སེམས་གཙོ་སྨྲ་བ་རེད་བསམ་གྱི་མི་འདུག མང་པོ་ཞིག་ད་ལྟ་ང་ཚོས་ཡིན་ཤག་ཤག་བྱེད་ཀྱི་ཡོད། དཔེར་ན། ཀུན་ཁྱབ་ཤེས་ཡོན་ཞེས་པའི་བསམ་ཚུལ་དེ་ཡང་སྔར་ཆེས་སེམས་གཙོ་སྨྲ་བ་ལྟ་བུར་སྣང་ཡོད་ཤས་ཆེ། འོན་ཀྱང་། ད་ལྟ་བསམ་ཚུལ་དེ་དག་ཕྱོགས་ཡོངས་ནས་ཁ་ཡོད་ལག་ཡོད་དང་དངོས་གནས་དགོས་གལ་ཆེན་པོ་ཆགས་ཡོད། ཀུན་ཁྱབ་སྙིང་རྗེ་དེ་ཆོས་ལུགས་ཀྱི་ཡིན་པའི་བསམ་ཚུལ་དེར། ངོས་ནས་མོས་མཐུན་བྱེད་ཀྱི་མེད། མི་འགའ་ཞིག་ལ་རང་ཤེད་མེད་པ་དང་གཞན་ལ་སྲི་ཞུ་སྒྲུབ་པ་དེ་ཁོང་ཚོའི་ཆོས་ལུགས་ཀྱི་དད་པས་རྨང་གཞི་བྱས་ནས་ཡོང་བ་བརྗོད་མི་དགོས། དཔེར་ན། དཀོན་མཆོག་ལ་བསྙེན་བཀུར་ཞུ་བ་ལྟ་བུ། འོན་ཀྱང་དེ་དང་ཆབས་ཅིག དེང་སང་འཛམ་གླིང་ནང་འགྲོ་བ་མི་ཚང་མར་སེམས་ཁུར་བྱེད་མཁན་གཞན་གྲངས་ལས་འདས་པ་ཡོད་ཀྱང་། ཁོང་ཚོར་ཆོས་ལུགས་མེད། རྡ་ཕར་ (Darfur) དང་ཧེ་ཊེ་ (Haiti) ཡང་ན་དཀའ་རྙོག་དང་རང་བྱུང་གོད་ཆག་གང་དུ་བྱུང་ཡང་། ས་ཁུལ་དེ་དག་ནང་དང་བླངས་སྨན་པ་དང་རོགས་པ་བྱེད་མཁན་ཚང་མར་བསམ་བློ་གཏོང་དུས། ཕལ་ཆེར་ཁོང་ཚོ་འགའ་ཤས་ཆོས་ལ་དད་པ་ཡོད་མཁན་ཡིན་ཀྱང་མང་པོ་ཞིག་ཆོས་ལ་དད་པ་མེད། ཁོང་ཚོའི་སེམས་ཁུར་ནི་སྡེ་ཚན་འདིའམ་དེ་ལ་མིན་པར་འགྲོ་བ་མི་རང་ལ་བྱེད་ཀྱི་ཡོད། ཁོང་ཚོར་གང་ཞིག་གིས་སྐུལ་འདེད་བྱས་ཡོད་དམ་ཞེ་ན། གཞན་གྱི་སྡུག་བསྔལ་གྱི་འཁུར་བཟོད་ཡང་དུ་གཏོང་རྒྱུའི་ཆོད་སེམས་ཏེ་བཅོས་མིན་གྱི་སྙིང་རྗེའི་དབང་གིས་ཡིན།

དེར་བརྟེན། ཀུན་ཁྱབ་སྙིང་རྗེ་ནི་རྩ་བ་ནས་ཆོས་ལུགས་ལ་མ་བརྟེན་པའི་སྒྲོམ་གཞི་ཞིག་གི་ནང་རྒྱུན་གནས་ཐུབ་པར་ངོས་ལ་ཐེ་ཚོམ་མེད། ངོས་ཀྱི་གྲོགས་པོ་རྙིང་པ་སེམས་ཚོར་ཚན་རིག་གསར་གཏོད་བྱེད་པོ་སློབ་དཔོན་པོལ་ཨིག་མན་(Paul Ekman) ལགས་ཀྱིས་ཐེངས་གཅིག་ང་ལ། ཐ་ན་དེང་དུས་ཀྱི་འཕེལ་འགྱུར་རྣམ་གཞག་སྲོལ་འབྱེད་ཆར་ལི་སི་ཌར་ཝིན་(Charles Darwin) ལགས་ཀྱིས་ཀྱང་། འཚོ་བཞིན་པའི་ལུས་ཅན་ཀུན་ལ་བརྩེ་བ་སྤྲོད་པ་ནི་ཆེས་ཁྱད་དུ་འཕགས་པའི་མིའི་ཡོན་ཏན་ཡིན་པར་ཆ་འཇོག་གནང་གི་ཡོད་ཅེས་གསུང་གི་འདུག

ཕྱི་ལོ་ ༢༠༠༤ ཟླ་ ༡༢ ནང་ཨེ་ཤི་ཡའི་ནང་མཚོ་ལོག་བྱུང་བའི་སྐབས་དེར་འཛམ་གླིང་རྒྱ་ཁྱབ་ནས་ཡ་ལན་བྱུང་བ་ངས་གསལ་པོར་དྲན་གྱི་འདུག བྱུས་ཉེས་དེའི་རྗེས་མི་མང་ལ་སེམས་ཚོར་དྲག་པོ་བྱུང་བ་དེས་ང་ཚོ་འགྲོ་བ་མི་རྣམས་ཁྱིམ་ཚང་གཅིག་པ་ཡིན་པའི་ཆ་ནས་གཅིག་སྒྲིལ་གྱི་དཔེ་མཚོན་སྟོབས་ཆེན་ཞིག་ངའི་བློ་ལ་ཤར་བྱུང་། དེ་ནི་ཁེར་རྐྱང་དུ་ལུས་པའི་གནད་དོན་ཞིག་ཆགས་མེད། དེ་ག་ནང་བཞིན་ཉེ་དུས་ཀྱི་ཡིད་སྐྱོའི་གནས་ཚུལ་དེ་དག་གི་རྗེས་འཛམ་གླིང་ཡོངས་ཁྱབ་ནས་ལྟ་སྐྱོང་དང་སེམས་ཁུར་བྱུང་བ་དང་། སྐབས་ཤིག་རིང་། འཛམ་གླིང་ནང་གསར་འགྱུར་ཧ་ཅང་མགྱོགས་པོ་ཁྱབ་དུས། ང་ཚོ་དང་རྒྱང་རིང་དུ་གནས་པ་རྣམས་ལ་ང་ཚོའི་སྤྱི་ཚོགས་ཀྱི་ཚོར་བ་དང་སེམས་ཁུར་ཤུགས་ཧ་ཅང་ཆེ་རུ་ཕྱིན་ཡོད། དུས་རབས་ཉི་ཤུ་པའི་འགོ་སྟོད་དུ། མི་རིགས་རིང་ལུགས་ཀྱི་ཚོར་བ་ཧ་ཅང་ཤུགས་ཆེན་པོ་ཡོད་པ་དང་ཆབས་ཅིག་འགྲོ་བ་མིའི་རིགས་ཡོངས་རྫོགས་ཐད་ལ་ང་ཚོའི་གོ་རྟོགས་ཅུང་སྐྱོ་པོ་ཡོད། སྐབས་དེ་དུས་མི་རྣམས་ཀྱིས་ས་ཁུལ་གཞན་དུའམ་གླིང་གཞན་དུ་གནས་ཚུལ་ག་རེ་འབྱུང་གི་ཡོད་མེད་ཕྲན་བུ་ལས་ཤེས་ཀྱི་མེད། འོན་ཀྱང་ད་ཆ་གོ་ལ་ཡོངས་ཀྱི་གསར་འགྱུར་ཁྱབ་སྤེལ་གཏོང་བའི་བརྒྱུད་ལམ་ཁག་གིས་མྱུར་ཚད་དེ་དང་བསྟུན་ནས། ས་ཕྱོགས་གང་སར་མི་རྣམས་ཀྱི་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བའི་ཐད་ང་ཚོར་གོ་རྟོགས་གཏིང་ཟབ་རྙེད་ཡོད། འདི་དང་མཉམ་དུ་འགྲོ་བ་མི་རིགས་ཁྱོན་ཡོངས་ལ་མི་རྣམས་ཀྱི་སེམས་ཁུར་དང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་ཐད་ཁོང་ཚོའི་ངོས་འཛིན་ཡང་གཏིང་ཟབ་ཏུ་ཕྱིན་ཡོད་པར་སྣང་། ངས་འཕེལ་ཕྱོགས་འདི་ནི་མ་འོངས་པར་རེ་བཟང་ཕུགས་བཅོལ་ཆེན་པོ་བྱེད་པའི་འབྱུང་ཁུངས་ཤིག་ཡིན་པར་བསམ་གྱི་ཡོད།

རང་ཅག་གི་སྤུན་ཟླ་མི་རིགས་རྣམས་ལ་དེ་ལྟ་བུའི་སེམས་ཁུར་ཡོང་བར་ང་ཚོ་དམིགས་བསལ་གྱི་གང་ཟག་གམ་སྐྱེས་བུ་དམ་པ་གང་ཡང་ཡིན་མི་དགོས། ཀུན་ཁྱབ་སྙིང་རྗེ་དེ་ནི་ང་ཚོ་མི་རེ་ངོ་རེའི་ཤེས་ཚད་ཁྲོད་གནས་ཡོད། ན་ཛི་(Nazi) ཡི་སྲིད་དབང་སྒེར་འཛིན་ལམ་ལུགས་སྐབས་སུ། ཇར་མེ་ནིའི་ཡུལ་མི་ཁ་ཤས་ཀྱིས་རང་གི་ཚེ་སྲོག་འབེན་ལ་བཙུགས་ཏེ་འཇེའུ་(Jews) མི་རིགས་སྐྱོབ་རྒྱུ་དང་སྲུང་སྐྱོབ་ཆེད་ཧུར་ཐག་འབད་ཐག་བྱས། ཁོང་ཚོར་རྒྱུ་མཚན་ཅིའི་ཕྱིར་དེ་ལྟར་བྱས་སམ་ཞེས་སྐད་ཆ་དྲིས་སྐབས། ཁོང་ཚོ་མང་ཆེ་བས་དབང་མེད་དུ་བྱས་པ་དང་། མི་སུ་འདྲ་ཞིག་ཡིན་རུང་རང་གི་གནས་སྟངས་དེ་འདྲའི་སྐབས་གཅིག་མཚུངས་བྱས་ཡོད་ངེས་རེད་ཅེས་ལན་བཏབ། འོན་ཀྱང་ཁོང་ཚོ་ནི་ཁྱེད་དང་ང་ནང་བཞིན་མི་དཀྱུས་མ་རང་ཡིན། སྙིང་རྗེ་སྟེ། སྤུན་ཟླ་མི་རིགས་རྣམས་ལ་སེམས་ཁུར་ཞིག་དང་མཉམ་དུ། དེ་དང་ཕྱོགས་མཚུངས་པའི་དཔའ་མཛངས་ལྡན་པའི་བྱ་སྤྱོད་སྤེལ་བར་མི་ཚང་མར་ནུས་པ་ལྡན་ཡོད།

འགའ་ཞིག་གིས་གཅིག་བྱས་ན་ཀུན་ཁྱབ་སྙིང་རྗེའི་བསམ་ཚུལ་འདི་ལ་ཁས་ལེན་བྱེད་འདོད་ཡོད་ཀྱི་མ་རེད། བསམ་ཚུལ་འདི་ཁས་ལེན་བྱེད་པའི་གཞན་གྱི་ལྟ་ཚུལ་ལ་ཁོང་ཚོས་ཡིད་སྨོན་བྱེད་ཀྱང་། ཁོང་ཚོ་རང་ཉིད་ལ་མཚོན་ན། དེ་ནི་འཛམ་གླིང་གི་སྡུག་བསྔལ་དང་ལེན་བྱེད་པ་ལྟ་བུ་མཐོང་བ་དང་། སོ་སོ་གཅིག་པུའི་དཀའ་ངལ་ལ་བསམ་ནས་བསྡད་ཡོད་པས་གཞན་གྱི་སྡུག་བསྔལ་ཁས་ལེན་བྱ་ཐབས་མེད་པར་ཚོར་སྲིད། ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་བལྟས་ན། གཞན་ལ་སེམས་ཁུར་བྱེད་པའི་ནང་ང་ཚོ་རང་ཉིད་ཀྱི་མ་ཡིན་པའི་དཀའ་སྡུག་མཉམ་སྤྱོད་བྱེད་པ་ཚུད་ཡོད་པ་ནི་བདེན་པ་རེད། དེ་ལྟར་ནའང་གཞན་གྱི་དཀའ་སྡུག་མཉམ་སྤྱོད་བྱས་པ་ལས་བྱུང་བའི་མི་བདེ་བ་རྣམས་ང་ཚོ་རང་གི་སྡུག་བསྔལ་ཐད་ཀར་མྱོང་བ་དང་འདྲ་གི་མེད། སྡུག་བསྔལ་གྱི་ནང་ལྷུང་བའི་མི་ཞིག་གི་མྱོང་ཚོར་ཤེས་རྟོགས་བྱུང་སྐབས། རང་ཉིད་ཀྱི་སེམས་ནང་ཐོག་མར་མི་བདེ་བ་ཚོར་སྲིད། འོན་ཀྱང་སོ་སོ་རང་ངོས་ནས་དང་དུ་བླངས་ཏེ་དཀའ་ངལ་དེ་དག་ལ་གྲ་སྒྲིག་བྱ་རྒྱུར་བློ་ཐག་བཅད་ན། གཞན་ལ་བློ་སྟོབས་སྤེལ་བ་དང་། བློ་སྟོབས་ལས་གདེང་ཚོད་རྙེད་ཀྱི་ཡོད། དེ་ལས་ལྡོག་སྟེ། དཀའ་སྡུག་དེ་སོ་སོའི་ཡིན་ན། སོ་སོར་དེ་ལྟའི་རང་དབང་ངམ་འདམ་ག་མེད་པས་དེ་དག་གི་ཁྱད་པར་ནི་གསལ་པོ་རེད།

དེར་མ་ཟད་སྙིང་རྗེ་ནི་གཞན་ཚོར་སོགས་རྟོགས་ཐུབ་པའི་ནུས་པ་ལས་མངོན་དུ་འགྱུར་ནའང་། འདི་གཉིས་གཅིག་པ་མ་ཡིན། གཞན་ཚོར་རྟོགས་པ་ནི་སེམས་ཚོར་ཞིག་གིས་སྐུལ་འདེད་བྱས་པ་སྟེ་གང་ཟག་གཞན་ལ་དུང་སེམས་ཀྱི་ཁྱད་ཆོས་ལྡན་ཡོད། སྙིང་རྗེ་ནི་གཞན་དང་མཉམ་དུ་མྱོང་བ་བརྗེ་ལེན་བྱེད་པ་ཙམ་མིན་པར། དེ་དག་སོ་སོའི་སྡུག་བསྔལ་ལས་ཀྱང་ཐར་འདོད་ཆེ། སྙིང་རྗེ་ཅན་ཞིག་བྱེད་པའི་དོན་ཡང་ཚོར་བའི་རིམ་པ་ཞིག་རང་ལ་ཟེར་གྱི་མེད། དེ་ནི་ངལ་དུབ་ཅན་དུ་འགྱུར་སྲིད། དཔེར་ན། སྙིང་རྗེ་ཅན་གྱི་སྨན་པ་རྣམས་ཀྱིས་རྒྱུན་དུ་སོ་སོའི་ཕ་མའི་སྡུག་བསྔལ་བརྗེ་ལེན་བྱ་རྒྱུར་རྦད་དེ་བློ་གཏད་ནས་བསྡད་ན། ཧ་ཅང་གནད་ལ་སྨིན་པོ་ཡོང་ངེས་མ་ཡིན། སྙིང་རྗེ་ཟེར་དུས་གཞན་གྱི་དཀའ་སྡུག་སེལ་བར་གང་ཡང་རུང་བ་ཞིག་བྱེད་འདོད་པ་ཞིག་དང་། རོགས་རམ་བྱ་རྒྱུའི་འདོད་པ་འདིས། ང་ཚོ་སྡུག་ལ་མི་སྦྱོར་བར། དོན་དངོས་ཐོག་ང་ཚོར་ནུས་ཤུགས་སྦྱིན་ཞིང་དམིགས་ཡུལ་ལྡན་པ་དང་ཁ་ཕྱོགས་སྟོན་གྱི་ཡོད། ཀུན་སློང་འདིའི་ཐོག་ནས་ང་ཚོས་ལས་དོན་སྒྲུབ་སྐབས། ང་ཚོ་དང་ཉེ་འཁོར་གྱི་མི་རྣམས་ལའང་ཁེ་ཕན་ཆེ་བ་ཡོང་གི་ཡོད།

ཡིན་ནའང་། ཀུན་ཁྱབ་སྙིང་རྗེའི་ནང་རང་ཉིད་ཀྱི་སེམས་ཁུར་བྱ་ཡུལ་མཐར་འགྲོ་བ་མི་ཚང་མར་མ་བསྙབས་བར་དུ་ག་ལེར་རྒྱ་སྐྱེད་གཏོང་དགོས་པར་བརྟེན། རྒྱུན་ཆད་མེད་པར་གོམས་འདྲིས་བསྟེན་དགོས། ང་ཚོའི་རྣམ་དཔྱོད་དང་སྙིང་རྗེའི་དགོས་མཁོ་དང་རིན་ཐང་ལ་ཡིད་ཆེས་ཡོད་པ་བེད་སྤྱད་དེ། ང་ཚོས་རིམ་གྱིས་སོ་སོའི་སེམས་ཁུར་རྒྱ་བསྐྱེད་གཏོང་ཐབས་བྱེད་དགོས། དེ་ཡང་དང་པོ་ང་ཚོའི་གཉེན་ཉེ་དུ་དང་། དེ་རྗེས་ང་ཚོ་དང་འབྲེལ་བ་ཡོད་པ་ཀུན་དང་ལྷག་པར་དུ་ང་ཚོའི་དགྲ་བོ། དེ་ནས་འགྲོ་བ་མིའི་རིགས་ཚང་མ་དང་ཐ་ན་སེམས་ཅན་ཐམས་ཅད་ལ་སྙོབ་པ་བྱེད་དགོས།

༨ སྙིང་རྗེ་སྦྱོང་བརྡར་བྱེད་ཐབས།

ཆོས་ལ་དད་པ་ཡོད་མཁན་ཚོར་སྙིང་རྗེ་གོང་སྤེལ་གཏོང་བའི་མཐུན་རྐྱེན་འཛོམས་པོ་ཡོད་ལ། ཆོས་ལུགས་ཀྱི་ཐབས་ལམ་ནི་འགྲོ་བ་མི་སྤྱི་ཡོངས་ལ་རླབས་ཆེ་བའི་འབྱུང་ཁུངས་ཤིག་ཀྱང་ཆགས་ཐུབ། འོན་ཀྱང་སྙིང་རྗེ་རྒྱུད་ལ་སྦྱོང་བར་ཆོས་ལུགས་དགོས་ངེས་ཅན་མ་ཡིན། མདོར་ན། སྙིང་རྗེ་སྦྱོང་བརྡར་བྱེད་པར་ཆོས་ལུགས་ལ་མ་བརྟེན་པའི་ཐབས་ཚུལ་སྔ་ས་ནས་ལག་བསྟར་བྱེད་ཀྱིན་ཡོད་པ་དང་། ཐ་ན་དེ་དག་གི་ཕན་ནུས་ཀྱང་ཚན་རིག་གི་ཐོག་ནས་ར་སྤྲོད་བྱུང་། ནང་གི་རིན་ཐང་ཡར་རྒྱས་གཏོང་བ་ནི་ལུས་ཀྱི་སྦྱོང་བརྡར་དང་ཧ་ཅང་འདྲ་པོར་སྣང་། ང་ཚོས་སོ་སོའི་ནུས་པར་སྦྱོང་བརྡར་ཇི་ཙམ་སྤྲད་པ་དེའི་ཚོད་ཀྱིས་སྟོབས་ཤུགས་ཆེ་རུ་འགྲོ་གི་ཡོད། དཔེར་ན། ངོས་ཀྱི་གྲོགས་པོ་རྙིང་པ་སློབ་དཔོན་ཆེན་པོ་རི་ཆར་ཌེ་ ཌེ་ཝི་ཌེ་སན་(Richard Davidson) ལགས་ཀྱིས་དབང་རྩའི་ཚན་རིག་ཐོག་ནས་ཉམས་ཞིབ་ཅིག་གནང་བ་བརྒྱུད། ཐ་ན་གཟའ་འཁོར་གཉིས་ལྟ་བུ་དུས་ཡུན་ཐུང་ཐུང་ཞིག་གི་རིང་སྙིང་རྗེ་སྦྱོང་བརྡར་བྱས་པས། ཀླད་པའི་འགྲོས་རིམ་ནང་མངོན་གསལ་དོད་པོའི་འགྱུར་བ་འགྲོ་བ་དང་། དེ་བཞིན་ཉམ་ཐག་ལ་སྦྱིན་པ་གཏོང་བའི་འདུན་པ་སྐྱེད་པར་རྐྱེན་བྱེད་ཐུབ་སྐོར་དངོས་སུ་ར་སྤྲོད་གནང་ཡོད། དེ་ལྟའི་ཉམས་ཞིབ་ཐོག་ནས་སློབ་གྲྭ་ཁག་ནང་སྙིང་རྗེ་ངོ་སྤྲོད་བྱ་རྒྱུར་བློ་སྟོབས་སྤེལ་བར་ངོས་ནས་རེ་བ་ཆེན་པོ་བྱེད་ཅིང་། དེ་ནི་ཧ་ཅང་དགེ་མཚན་ཆེན་པོ་ཞིག་ཏུ་འགྱུར་ངེས་ཡིན། དེང་དུས་ཀྱི་ཤེས་ཡོན་ནི་ཤུགས་ཆེན་པོས་དངོས་གཙོ་སྨྲ་བའི་རིན་ཐང་ཐོག་གཞི་བཞག་ཡོད། འོན་ཀྱང་ངོས་ནས་རྒྱུན་དུ་བརྗོད་པ་བཞིན། ང་ཚོས་སོ་སོའི་བུ་ཕྲུག་ཚོའི་ཀླད་པར་སློབ་སྦྱོང་སྤྲོད་སྐབས་ཁོང་ཚོའི་སེམས་ལ་སློབ་སྦྱོང་སྤྲོད་རྒྱུར་སྣང་ཆུང་བྱ་མི་ཉན། ཁོང་ཚོའི་སེམས་ལ་སློབ་སྦྱོང་སྤྲོད་པའི་རྐྱེན་གཙོ་བོ་དེ་ནི་ཁོང་ཚོའི་སྙིང་རྗེའི་རང་བཞིན་དེ་གསོ་སྐྱོང་བྱེད་དགོས། ཞེས་གསུངས་ཡོད། ད་དུང་ཁོང་གིས་མིའི་རིགས་ལ་ལྷན་སྐྱེས་སུ་མངའ་བའི་གཤིས་བཟང་རྣམས་དོ་གལ་ཆེན་པོ་དགོས་སྐོར་དང་། དེ་རྣམས་སྣང་མེད་དུ་མ་བཞག་པར་ཤེས་ཡོན་དང་འབྲེལ་ནས་ཡར་རྒྱས་སུ་གཏོང་དགོས་སྐོར་ནན་བརྗོད་གནང་གི་ཡོད།

༩ མིའི་རིགས་ལ་ལྷན་སྐྱེས་སུ་ཡོད་པའི་གཞི་རྩའི་བཟང་གཤིས་ངོས་འཛིན་དང་དེའི་གལ་གནད།

རྣམ་གཞག་འདི་ནི། ཆོས་དད་ཡོད་མེད། མི་རིགས་དཀར་ནག ཡུལ་ལུང་གི་ཁྱད་པར་སོགས་ཕྱོགས་དང་རིས་སུ་མ་ཆད་པར་འཇིག་རྟེན་ཁྱོན་ཡོངས་ཀྱི་སྐྱེ་འགྲོའི་བཟང་གཤིས་སུ་གྲུབ་པའི་བྱམས་བརྩེ་དང་སྙིང་རྗེ། དྲང་བདེན་དང་ཆོག་ཤེས། བཟོད་བསྲན་དང་བཟོད་གསོལ། རང་ཁྲིམས་རང་སྲུང་དང་ངང་རྒྱུད་རིང་པོ། འགན་ཁུར་གྱི་སེམས་ཤུགས། རང་ལས་གཞན་གཅེས་པར་འཛིན་པ་ལ་སོགས་པའི་སྤྱོད་པ་བཟང་པོ་ཞིག་ཡོད་པ་རྣམས་ངོས་ཟིན་པའི་ཐོག་ནས་ཉིན་རེའི་འཚོ་བའི་ནང་ཉམས་སུ་ལེན་རྒྱུ་དེ་གཅིག་ལ་གཅིག་བརྟེན་གྱི་འཇིག་རྟེན་གྱི་བདེ་སྐྱིད་ཆེད་མེད་དུ་མི་རུང་བ་ཞིག་ཡིན་ཚུལ་ཕྱོགས་ཡོངས་ནས་ར་འཕྲོད་དགོས་པ་གལ་ཆེ། དེ་ཡང་། ང་ཚོར་ཆོས་ལུགས་ཀྱི་སྒྲོམ་གཞི་ཞིག་ཡོད་མེད་ལ་མ་ལྟོས་པར། བྱམས་པ་དང་། སེམས་པ་བཟང་པོ། བརྩེ་སེམས་བཅས་ཀྱི་ཕྱོགས་ལ་བློ་ཁ་ཕྱོགས་པའི་གཞི་རྩའི་འགྲོ་བ་མིའི་རང་གཤིས་ཤིག་ཡོད། ཅེས་དང་། ཡང་སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་ལས། བརྩེ་བ་དང་སྙིང་རྗེ། བཟོད་པ་དང་དགོངས་ཡངས། ཆོག་ཤེས་དང་གཞན་སེམས། མཐུན་འབྲེལ་གྱི་འདུ་ཤེས་སོགས་ལ་གཙོ་བོར་འབྲེལ་ཡོད། ཆོ་ག་དང་ཞལ་འདོན། མྱང་འདས་དང་དག་ཞིང་ལྟ་བུའི་གནད་དོན་ཆོས་ལུགས་དང་ཐད་ཀར་འབྲེལ་ཡོད་རུང་། བློའི་ཡོན་ཏན་འདི་རྣམས་ནི་ཆོས་ལུགས་དང་ཐད་ཀར་འབྲེལ་བ་ཡོད་དགོས་ངེས་ཤིག་མིན། ཞེས་དང་། ཡང་དེ་ཉིད་ལས། ང་ཚོས་མཐོང་གསལ་ལྟར། སྙིང་རྗེས་ང་ཚོའི་མི་ཚེ་ལ་དོན་སྙིང་སྦྱིན་གྱི་ཡོད། སྙིང་རྗེ་ནི་ཡུན་དུ་བརྟན་པའི་དགའ་བདེའི་འབྱུང་ཁུངས་དང་། གཞན་སེམས་སློང་བའི་གཞི་མའང་ཡིན། བདེན་པ་དང་། དྲང་བདེན། གཡོ་སྒྱུ་མེད་པ། བྱམས་བརྩེ། བྱམས་སེམས་སོགས་གཞན་གྱི་ཕྱོགས་ལ་བསྐྱེད་ན། ང་ཚོས་རང་ཉིད་ཀྱི་ཁེ་ཕན་སྲུང་གི་ཡོད། ཅེས་གསུངས་པ་དང་། ངོས་ནས་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་(Secular Ethics) ཞེས་པ་ནི། མིའི་རིགས་ལ་ལྷན་སྐྱེས་སུ་ཡོད་པའི་གཞི་རྩའི་བཟང་གཤིས་རྣམས་ལྟ་གྲུབ་ཡོད་པའི་ཆོས་བརྒྱུད་ཁག་གིའང་བྱམས་བརྩེའི་བསླབ་བྱའི་རྨང་གཞིར་གྱུར་པ་དེ་རྣམས་ལ་ཟེར་གྱི་ཡོད། ཅེས་གསུངས།

བཟང་སྤྱོད་དེ་དག་ནི་ཆོས་ལུགས་ལ་མ་བརྟེན་པར་ཡང་སྤེལ་ཐུབ། གང་ཡིན་ཞེ་ན། འཇིག་རྟེན་ཡོངས་ཁྱབ་ཀྱི་བཟང་སྤྱོད་ལ་འཇུག་པར་ཆོས་དང་མ་འབྲེལ་བའི་ཐབས་ལམ་གསར་པ་ཞིག་འབད་བརྩོན་བྱེད་པ་དེ་ནི་འགྲུབ་སྲིད་པ་ཞིག་དང་དགེ་མཚན་ལྡན་པ་ཞིག་ཏུ་ངོས་ནས་ཡིད་ཆེས་བྱེད་ཀྱི་ཡོད། ངའི་ཡིད་ཆེས་དེ་ནི་ང་ཚོ་འགྲོ་བ་མི་ཚང་མ་གཞི་རྩའི་ཆ་ནས་ཡག་པོ་བྱུང་ན་བསམ་པའི་བློའི་འཁྱེར་སོ་དེར་ངེས་ཤེས་རྙེད་པ་ལས་བྱུང་། ཞེས་དང་། ངེས་པར་དུ་ཆོས་ལུགས་ལ་ལྟོས་མི་དགོས་པར་ནང་སེམས་ཀྱི་རིན་ཐང་གི་གཞི་རྩ་བརྟན་པོ་བཟོ་བའི་ཐབས་ལམ་ཞིག་ང་ཚོའི་གོ་རྟོགས་ཀྱི་ཁྲོད་དུ་ཡོད་པར་ངོས་ལ་ཡིད་ཆེས་བརྟན་པོ་ཡོད། ཅེས་དང་། བཟང་སྤྱོད་ནི་ཆོས་ལུགས་ཀྱི་ལྟ་ཚུལ་ལམ་ཡིད་ཆེས་ཐོག་ལ་རྩ་བ་ཚུགས་དགོས་སྐོར་དེར་ངོས་ནས་མོས་མཐུན་བྱེད་ཀྱི་མེད། དེ་ལས་གཞན་དུ། བཟང་སྤྱོད་ནི་འགྲོ་བ་མིའི་རིགས་དང་འགྲོ་བ་མིའི་ཐུན་མོང་གི་གནས་བབས་ལ་རང་བཞིན་དང་རྒྱུ་མཚན་ལྡན་པའི་རྣམ་འགྱུར་ཞིག་གི་ངོ་བོར་ཐོན་གྱི་ཡོད་པར་ངས་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད། ཅེས་དང་། མི་རྣམས་ཀྱི་དབར་མཛའ་མཐུན་སྐྲུན་པ་དང་། ལམ་སྟོན་དང་སེམས་གསོ་བྱེད་པ། མི་རྣམས་ཀྱིས་མིག་དཔེར་བཟུང་ནས་འབད་པར་འོས་པའི་མི་ཚེ་བཟང་པོ་ཞིག་གི་འཆར་སྣང་སྐྲུན་པ་བཅས་ཀྱི་དེའི་ཕན་ཡོན་ཆ་ཚང་ལ་བསམ་བློ་བཏང་ན། ངའི་བསམ་པར་ཆོས་ལུགས་ནི་སེམས་དོན་རིག་པའི་མི་ཚེར་མེད་དུ་མི་རུང་བ་ཞིག་རེད་བསམ་གྱི་མི་འདུག ཅེས་དང་། ངོས་ནས་བཟང་སྤྱོད་དེ་ཆོས་ལུགས་ལ་རག་ལས་མེད་ཚུལ་སྒྲུབ་པ་དེ་ཅུང་སྟབས་བདེ་པོ་ཞིག་ཡིན། སེམས་དོན་རིག་པའི་ཐོག་ནས་དེ་ལ་ཕྱོགས་གཉིས་ཡོད་པ་ངས་མཐོང་གི་འདུག

ཕྱོགས་དང་པོ་ནི། ནང་བསམ་བློ་དང་། མྱོང་ཚོར་གྱི་སྟོབས་ཤུགས། ཆ་མཉམ་བཅས་ཡོད་པའི་རྩ་བའི་སེམས་ཀྱི་བདེ་ཐབས་དེ་ཡིན། དེ་ནི་ཆོས་ལུགས་ལ་མ་བརྟེན་པར། སྙིང་རྗེ་དང་། སེམས་པ་བཟང་པོ། གཞན་ལ་གཅེས་སྐྱོང་བྱ་རྒྱུར་རང་བཞིན་གྱིས་བློ་ཁ་ཕྱོགས་པའི་གང་ཟག་ཅིག་ཡིན་པའི་ཆ་ནས་འགྲོ་བ་མིའི་ལྷན་སྐྱེས་ཀྱི་རང་བཞིན་ཐོག་ནས་ཡོང་གི་ཡོད།

ཕྱོགས་གཉིས་པ་ནི། ཕལ་ཆེར་ཆོས་ལུགས་ལ་གཞི་བཞག་པའི་སེམས་དོན་རིག་པ་དེ་ཡིན། དེ་ནི་ང་ཚོའི་འཚར་ལོངས་དང་རིག་གཞུང་གི་ཁྲོད་ནས་ཡོང་ཞིང་། ཡིད་ཆེས་དང་ཉམས་ལེན་བྱེ་བྲག་པ་ཞིག་ལ་སྦྲེལ་ནས་ཡོད། དེ་གཉིས་ཀྱི་ཁྱད་པར་ནི་ཆུ་དང་ཇའི་ཁྱད་པར་དང་འདྲ་པོ་ཡོད། ཆོས་ལུགས་ཀྱི་བསམ་ཚུལ་མེད་པའི་བཟང་སྤྱོད་དང་ནང་སེམས་ཀྱི་རིན་ཐང་ནི་ཆུ་དང་འདྲ་ཞིང་། འཕྲོད་བསྟེན་དང་འཚོ་གནས་ཆེད་ང་ཚོར་ཉིན་ལྟར་དགོས་པ་ཞིག་ཡིན། ཆོས་ལུགས་ཤིག་གི་སྐབས་དོན་ཐོག་གཞི་བཅོལ་བའི་བཟང་སྤྱོད་དང་ནང་སེམས་ཀྱི་རིན་ཐང་ནི་ཇ་དང་འདྲ། ཞེས་དང་། ང་ཚོར་ཇ་མེད་པར་གནས་ཐུབ་ཀྱང་། ཆུ་མེད་པར་གནས་མི་ཐུབ། དེ་ག་ནང་བཞིན་ང་ཚོ་ཐོག་མར་སྐྱེ་དུས་ནས་ཆོས་དང་འབྲེལ་བ་མེད་ཀྱང་། སྙིང་རྗེ་མི་དགོས་པའི་ཐོག་ནས་སྐྱེས་བསྡད་པ་ཞིག་མིན། དེའི་ཕྱིར་ཆོས་ལུགས་ལས་དགོས་གལ་ཆེ་བ་ནི་ང་ཚོའི་གཞི་རྩའི་འགྲོ་བ་མིའི་སེམས་དོན་རིག་པ་དེ་ཡིན། ཞེས་དང་། བྱམས་བརྩེའི་རིན་ཐང་ང་ཚོའི་མི་ཚེའི་ནང་ཅི་ཙམ་མཁོ་གལ་ཆེ་མིན་ཉིན་རེའི་འཚོ་བའི་ནང་ཤེས་རྟོགས་ཐུབ་པ་དང་། ཐ་ན་དུད་འགྲོ་དག་ཀྱང་བརྩེ་སེམས་ཀྱི་ཚོར་བས་འཚོ་བཞིན་ཡོད་སྟབས། བྱམས་བརྩེའི་བསམ་བློ་ནི་ངེས་པར་ཆོས་ལུགས་ལ་བརྟེན་མི་དགོས་པར་གསལ། ཞེས་གསུངས།

༡༠ ཆོས་ལུགས་བྲེ་བྲག་པ་ཞིག་ཡ་རབས་བཟང་སྤྱོད་ཀྱི་རྒྱབ་རྟེན་དུ་འཛིན་མི་རུང་བ།

འོ་ན་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ངོ་བོ་གང་ཡིན་ཞེ་ན། དེའི་གོ་བ་ནི། ཆོས་ལུགས་བྱེ་བྲག་པ་ཞིག་ནས་མ་བཤད་པ་དང་མ་གསུངས་པའམ། རྩ་བ་ནས་འབྲེལ་བ་མེད་པའི་གོ་བ་ལེན་རྒྱུ་མ་ཡིན་པར། དེའི་གོ་དོན་ནི། ཆོས་ལུགས་བྱེ་བྲག་པ་ཞིག་གིས་གསུངས་ཀྱང་རུང་མ་གསུངས་ཀྱང་རུང་འགྲོ་བ་མིའི་སྤྱི་ཚོགས་ལ་ཉེ་བར་མཁོ་ཞིང་། འགྲོ་བ་མིའི་སྤྱི་ཚོགས་ཀྱི་འཚོ་བའི་ནང་ཉམས་སུ་ལེན་པ་ལ་ངེས་པར་དུ་ཆོས་ལུགས་བྱེ་བྲག་པ་ཞིག་ལ་བརྟེན་པའམ་ཁས་འཆེ་མི་དགོས་ཤིང་། ཆོས་ལུགས་དང་མི་རིགས་རིས་མེད། ཆོས་དད་ཡོད་མེད་ཀུན་གྱིས་ཉམས་སུ་ལེན་རུང་བའི་འགྲོ་བ་མིའི་ལུས་ངག་ཡིད་གསུམ་གྱི་བཟང་པོའི་སྤྱོད་ལམ་ལ་ཟེར། དེ་འདྲ་བའི་བཟང་སྤྱོད་དེ་ཉིད་ཆོས་ལུགས་བྱེ་བྲག་པ་ཞིག་ལ་བརྟེན་པར་གྱུར་ཚེ། ཁམས། མོས་པ། གཤིས་ཀ་སོགས་སྣ་ཚོགས་པའི་འགྲོ་བ་མིའི་ཚོགས་སྡེ་ཡོངས་ལ་ཁྱབ་པའི་བཟང་སྤྱོད་ཅིག་ཏུ་འགྱུར་དཀའ་བ་དང་། ལྷག་པར་དུ་ཆོས་དད་མེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་ནང་བཟང་སྤྱོད་ཀྱིས་ཕོངས་པ་ལས་བྱུང་བའི་དཀའ་ཚེགས་རྣམས་སེལ་བའི་ཐབས་ལམ་མེད་པའི་གནས་སྟངས་ཤིག་ཆགས་སྲིད།

དེ་ཡང་། གལ་ཏེ་ཡ་རབས་སྤྱོད་བཟང་ནི་ངེས་པར་ཆོས་ལུགས་ཤིག་ལ་བརྟེན་དགོས་ཚེ། ལྟ་གྲུབ་ཡོད་པའི་ཆོས་བརྒྱུད་ཁག་གི་བསླབ་བྱ་ལ་བརྟེན་པའི་ཀུན་སྤྱོད་ནི་ཆོས་དད་མེད་པའི་སྐྱེ་བོ་ཚོར་ཁྱབ་མི་ཐུབ་པ་དང་། ཆོས་དད་མེད་པ་ཚོར་ཆོས་དད་མེད་པ་དང་ཆབས་ཅིག་བྱམས་བརྩེ་སོགས་ཡ་རབས་སྤྱོད་བཟང་དག་ཀྱང་འཐུས་ཤོར་བར་འགྱུར། ཞེས་དང་། ཡང་དེ་ཉིད་ལས། དེས་ན་ཆོས་དད་དང་འབྲེལ་བའི་རྣམ་གཞག་ནི་སྐྱེ་བོ་ཀུན་ལ་རན་པ་ཞིག་མིན་ཏེ། ད་ལྟ་འཛམ་གླིང་འདིར་མི་འབོར་དུང་ཕྱུར་བདུན་ཅུའི་ནང་དུང་ཕྱུར་བཅུ་ལྷག་ལ་ཆོས་དད་དམིགས་བསལ་མེད་པ་དངོས་ཡོད་གནས་ཚུལ་ཆགས་ཡོད། ཅེས་སོགས་གསུངས། དེར་བརྟེན་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ནི་ཆོས་ལུགས་བྱེ་བྲག་པ་ཞིག་ལ་བརྟེན་པའི་སྤྱོད་ལམ་མ་ཡིན་པར་འགྲོ་བ་མིའི་གཞི་རྩའི་རང་བཞིན་ལ་ལྷན་སྐྱེས་སུ་འཇགས་པའི་བཟང་སྤྱོད་རྣམས་ལ་གོ་དགོས་ཤིང་། དངོས་ཡོད་གནས་ཚུལ་ལ་གཞིགས་ཚེ་འགྲོ་བ་མིའི་རང་བཞིན་ལ་ལྷན་སྐྱེས་སུ་མངའ་བའི་སྙིང་རྗེ་དང་བྱམས་པ་སོགས་ཀྱི་ས་བོན་ནི། ཆོས་ལུགས་ཀྱིས་ཤན་མ་ཞུགས་པའི་གོང་ནས་ཡོད་པ་དང་དེ་ཉིད་གོང་འཕེལ་དུ་གཏོང་བར་ཡང་ངེས་པར་ཆོས་ལུགས་ལ་བརྟེན་དགོས་མེད་ཅིང་། བཟང་སྤྱོད་དེ་རྣམས་ཆོས་ལུགས་དང་མ་འབྲེལ་བའི་རྒྱུ་མཚན་དུ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱུ་མཚན་གཉིས་ཀྱིས་ཐོག་ནས་བསྒྲུབས་ཡོད།

རྒྱུ་མཚན་དང་པོ་ནི། འགྲོ་བ་མིའི་རང་བཞིན་ལྷན་སྐྱེས་སུ་བཟང་སྤྱོད་དེ་རྣམས་ཀྱི་ས་བོན་རང་ཆས་སུ་གྲུབ་ཡོད་པ་དང་། རྒྱུ་མཚན་གཉིས་པ་ནི། ཆོས་ལུགས་ཀྱི་ཁོར་ཡུག་ལ་བརྟེན་པའི་བཟང་སྤྱོད་ནི་ཇ་ལྟ་བུ་དང་། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ནི་ཆུ་ལྟ་བུ་སྟེ་ཇ་ནི་ཆུ་ལ་བརྟེན་ནས་བྱུང་བ་བཞིན་ཇ་མེད་པར་ང་ཚོ་འཚོ་ཐུབ་ཀྱང་ཆུ་མེད་ན་འཚོ་མི་ཐུབ་པའི་ཆུ་དང་ཇའི་དཔེའི་སྒོ་ནས་བསྒྲུབས་ཡོད།

ངོས་ནས་བཟང་སྤྱོད་དེ་ཆོས་ལུགས་ལ་རག་ལས་མེད་ཚུལ་སྒྲུབ་པ་དེ་ཅུང་སྟབས་བདེ་པོ་ཞིག་ཡིན། སེམས་དོན་རིག་པའི་ཐོག་ནས་དེ་ལ་ཕྱོགས་གཉིས་ཡོད་པ་ངས་མཐོང་གི་འདུག

ཕྱོགས་དང་པོ་ནི། དེ་ནི་ཆོས་ལུགས་ལ་མ་བརྟེན་པར། སྙིང་རྗེ་དང་། སེམས་པ་བཟང་པོ། གཞན་ལ་གཅེས་སྐྱོང་བྱ་རྒྱུར་རང་བཞིན་གྱིས་བློ་ཁ་ཕྱོགས་པའི་གང་ཟག་ཅིག་ཡིན་པའི་ཆ་ནས་འགྲོ་བ་མིའི་ལྷན་སྐྱེས་ཀྱི་རང་བཞིན་ཐོག་ནས་ཡོང་གི་ཡོད།

ཕྱོགས་གཉིས་པ་ནི། ཆོས་ལུགས་ཀྱི་བསམ་ཚུལ་མེད་པའི་བཟང་སྤྱོད་དང་ནང་སེམས་ཀྱི་རིན་ཐང་ནི་ཆུ་དང་འདྲ་ཞིང་། འཕྲོད་བསྟེན་དང་འཚོ་གནས་ཆེད་ང་ཚོར་ཉིན་ལྟར་དགོས་པ་ཞིག་ཡིན།

ཆོས་ལུགས་ཤིག་གི་སྐབས་དོན་ཐོག་གཞི་བཅོལ་བའི་བཟང་སྤྱོད་དང་ནང་སེམས་ཀྱི་རིན་ཐང་ནི་ཇ་དང་འདྲ། ཞེས་དང་། འོན་ཀྱང་ཇ་བཟོ་བའི་སྐབས། རྩ་བའི་རྒྱུ་ཆ་ནི་དུས་རྟག་ཏུ་ཆུ་ཡིན། ང་ཚོར་ཇ་མེད་པར་གནས་ཐུབ་ཀྱང་། ཆུ་མེད་པར་གནས་མི་ཐུབ། དེ་ག་ནང་བཞིན་ང་ཚོ་ཐོག་མར་སྐྱེ་དུས་ནས་ཆོས་དང་འབྲེལ་བ་མེད་ཀྱང་། སྙིང་རྗེ་མི་དགོས་པའི་ཐོག་ནས་སྐྱེས་བསྡད་པ་ཞིག་མིན། ཞེས་གསུངས་པ་འདི་དག་གིས། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ངོས་འཛིན་དང་གལ་གནད་རང་བཞིན་རྣམས་བདེ་བླག་ཏུ་རྟོགས་ཐུབ།

༡༡ ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་གོང་འཕེལ་གཏོང་ཐབས།

འགྲོ་བ་མིའི་ཀུན་སྤྱོད་ཀྱིས་རང་ཉིད་འཚོ་སྡོད་ཀྱི་འཇིག་རྟེན་འདི་ཉིད། ཉེན་ཁའི་ཕྱོགས་སུ་མྱུར་དུ་འཕོ་འགྱུར་འགྲོ་བའི་སྣང་གནས་ཕྱོགས་ཡོངས་ནས་ཚན་རིག་པ་ཚོས་ར་སྤྲོད་བྱེད་བཞིན་པའི་དུས་སྐབས་འདིར། ཆོས་ལུགས་ལ་མ་བརྟེན་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་ནི་དུས་བབ་ཀྱི་དགོས་མཁོ་གལ་ཆེན་ཞིག་ཆགས་བཞིན་ཡོད། དེ་ཉིད་འཛམ་གླིང་འདིའི་ཁྱོན་ཡོངས་ལ་ཁྱབ་སྤེལ་ཇི་ཙམ་ཆེ་བ་བཏང་བ་དེའི་ཚོད་ཀྱིས་འཇིག་རྟེན་ཁམས་ཀྱི་བཀྲ་མི་ཤིས་པའི་བྱ་སྤྱོད་ཉུང་དུ་འགྲོ་ངེས་ཡིན། འོ་ན་དེ་ཇི་ལྟར་ཁྱབ་སྤེལ་གཏོང་དགོས་ཤེ་ན། ༡) མི་སྒེར། ༢) སྤྱི་ཚོགས། ༣)ལམ་ལུགས་བཅས་ཀྱི་ནང་སློབ་ཁྲིད་བྱེད་ཆོག་པ་དང་། དེ་ཐམས་ཅད་ཀྱང་སྙིང་རྗེ་གཞི་རྩར་བཟུང་བའི་ཐོག་ནས་ཤེས་ཡོན་གྱི་སྐབས་དོན་སོ་སོའི་ནང་གཞི་རྩའི་ཡོན་ཏན་ལ་བརྩོན་པ་ཆེ་བའི་དགེ་རྒན་གྱི་ཞབས་ལ་གཏུགས་ནས་བསྒྲུབ་དགོས།

དེའི་ཚུལ་ནི། ཐོག་མར་གཞི་རིམ་སློབ་གྲྭ་ནས་བཟུང་སློབ་དེབ་ཀྱི་ནང་དུ་བཞག་སྟེ་ཕྲུ་གུ་ཆུང་བའི་དུས་ནས་སློབ་སྤེལ་ཐུབ་ན་དེས་མ་འོངས་པའི་མི་སྡེའི་སྤྱི་ཚོགས་འདི་འོད་སྟོང་ལྡན་པའི་འཚོ་བའི་ཕྱོགས་སུ་ཁ་བཀྲི་བར་ནུས་པ་ཡིན།

དེ་ཡང་། ཉིན་ཞིག་སློབ་གྲྭ་སོགས་ཀྱི་ཤེས་ཡོན་ལམ་ལུགས་ཀྱིས་ངས་རྗོད་བཞིན་པའི་སེམས་ཀྱི་ཡོན་ཏན་ཞེས་པའི་ཐོག་ལ་དོ་སྣང་སྤྲོད་རྒྱུ་དེ་ཡིན། གཞི་རྩའི་ཤེས་ཡོན་སློབ་གཞིའི་ཐད་ཕུལ་དུ་བྱུང་བ་ཞིག་བྱེད་དགོས་པར་ང་ཚོས་ཡིན་ཤག་བྱེད་པ་བཞིན་དུ་ཕྲུ་གུ་རྣམས་ཀྱིས་རང་རང་སོ་སོའི་སློབ་གྲྭའི་གཏན་འབེབས་སློབ་ཚན་གྱི་ཆ་ཤས་སུ། དཔེར་ན། བྱམས་པ་དང་། སྙིང་རྗེ། བཟོད་པ་ལྟ་བུའི་ནང་སེམས་ཀྱི་རིན་ཐང་གི་གལ་ཆེའི་རང་བཞིན་སློབ་སྦྱོང་བྱ་རྒྱུ་ཡིན་ཤག་བྱེད་པའི་དུས་ཚོད་ཅིག་འཆར་རྒྱུར་ང་ལ་རེ་བ་ཆེན་པོ་ཡོད། ཅེས་གསུངས་ཡོད། ལྷག་པར་དུ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་འགྲོ་བ་མིའི་སྤྱི་ཚོགས་ལ་ཁྱབ་སྤེལ་གཏོང་ཐུབ་པའི་རྒྱུ་མཚན་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་སྒྲུབ་བྱེད་མི་འདྲ་བ་གཉིས་འདྲེན་བཞིན་ཡོད།

དང་པོ་ནི། འགྲོ་བ་མི་རྣམས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་འདུ་ཤེས་གཅིག་མཚུངས་ཡོད་པའི་གནས་སྟངས་དང་། གཉིས་པ་ནི། འགྲོ་བ་མིའི་ཕུང་པོ་གྲུབ་སྟངས་ཀྱི་ཆ་ནས་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་། གཅིག་གྲོགས་སུ་གཅིག་དགོས་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་གི་ནང་དུ་གནས་དགོས་པའི་རྒྱུ་མཚན་དྲངས་ཡོད།

དེ་ཡང་། རྩ་འཛིན་དང་པོ་ནི། ང་ཚོ་འགྲོ་བ་མི་རིགས་གཅིག་གྱུར་ཡིན་པ་དང་། བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་གྱུར་གྱི་མངོན་འདོད་དེ་ངོས་འཛིན་བྱེད་དགོས། རྩ་འཛིན་གཉིས་པ་ནི། ང་ཚོའི་ལུས་པོའི་གྲུབ་སྟངས་དངོས་ཀྱི་ཆ་ནས་སྤྱི་ཚོགས་ཀྱི་སེམས་ཅན་ཞིག་ཡིན་པ་ཚུད། འགྲོ་བ་མིའི་དངོས་ཡོད་གནས་ཚུལ་གྱི་ཁྱད་ཆོས་གཙོ་བོ་ཞིག་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་ནས་ཡོད་པའི་འབྲེལ་བ་ཤེས་རྟོགས་བྱ་རྒྱུ་དེ་ཡིན།

རྩ་འཛིན་དེ་གཉིས་ཀྱི་ཐོག་ནས། ང་ཚོ་རང་ཉིད་དང་གཞན་གྱི་བདེ་ཐབས་གཉིས་སོ་སོར་འབྱེད་མི་ཐུབ་པའི་འབྲེལ་ལམ་ངོས་འཛིན་དང་ཤེས་རྟོགས་ཐུབ་ཅིང་། གཞན་གྱི་བདེ་དོན་ལ་ང་ཚོས་བཅོས་མིན་གྱི་སེམས་ཁུར་ཞིག་གོང་འཕེལ་གཏོང་ཐུབ། དེ་གཉིས་ཟུང་འབྲེལ་གྱི་ཐོག་ནས་བཟང་སྤྱོད་ཀྱི་གོ་རྟོགས་བསྐྲུན་རྒྱུ་དང་ནང་སེམས་ཀྱི་རིན་ཐང་རྒྱུད་ལ་སྐྱེད་པའི་གཞི་རྟེན་རན་པོ་ཞིག་འཛུགས་ཐུབ་པར་ངོས་ནས་ཡིད་ཆེས་བྱེད་ཀྱི་ཡོད། ཅེས་གསུངས་ཡོད། གཞན་ཡང་། རྣམ་གཞག་འདི་གོ་སླ་བར་ངོ་སྤྲོད་ཐུབ་པའི་སློབ་དེབ་དང་བརྙན་འཕྲིན་སྒྲིག་སྦྱོར། དཔེ་དེབ་གསར་རྩོམ། དཔེར་འོས་མི་སྣ་མཚམས་སྦྱོར་དང་བཅར་འདྲི་སོགས་མིའི་བློ་ཁ་འགུགས་ཐུབ་པའི་སྟབས་བདེའི་བརྒྱུད་ལམ་མང་པོ་བེད་སྤྱོད་བྱེད་རྒྱུ་གལ་ཆེ། ཡང་མི་སྡེའི་སྤྱི་ཚོགས་ཀྱི་སྣེ་ཁྲིད་ཐུབ་པའི་ཤེས་འཇོན་གཉིས་ལྡན་གྱི་དབུ་ཁྲིད་དང་། གྲགས་ཅན་མི་སྣ། མཁས་པ་དང་གསར་འགོད་པ། རྩོམ་པ་པོ། སྤྱི་ཚོགས་ལ་འགན་ཁུར་མཁན་གྱི་མི་སྒེར་དང་ཚོགས་སྡེ་དག་ལ་འབྲེལ་བ་བྱས་ཏེ། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་དགོས་དམིགས་དང་བྱེད་ཐབས། ནང་དོན། དེ་ཉིད་ཁྱབ་སྤེལ་གྱི་མཇུག་འབྲས་སོགས་ཀྱི་ཐད་འགན་ཁུར་མི་སྣ་དག་དང་ལྷན་དུ་བགྲོ་གླེང་དང་། གོ་རྟོགས་སྤེལ་ཡུལ་གྱི་ཁོར་ཡུག་རྒྱ་བསྐྱེད་དང་གསར་བསྐྲུན་བྱ་རྒྱུ་གལ་ཆེ། ལྷག་པར་དུ་གཞོན་སྐྱེས་ཚོའི་ནང་དུ་འདི་ལ་རིགས་གཅིག་རྐང་འཛིན་གྱི་མི་སྣ་བསྐྱེད་བསྲིངས་ཐོག་མ་འོངས་པའི་དམིགས་རྟེན་བཟོ་རྒྱུ་གལ་ཆེ།

༡༢ ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་མཇུག་འབྲས་དང་དེའི་གདོང་ལེན།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་ཤར་ནུབ་གང་སར་ཞབས་ཀྱིས་བཅགས་ཏེ། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སྐོར་བླང་དོར་བཀའ་སློབ་ཤུགས་ཆེར་གནང་བ་ལ་བརྟེན་ནས་འཛམ་གླིང་ཤར་ནུབ་གང་སར། བཟང་སྤྱོད་ཉམས་པའི་རྒྱུ་རྐྱེན་ལས་བྱུང་བའི་མི་གསོད་འཕྲོག་བཅོམ་གྱིས་མཚོན་པའི་མ་རབས་ཐ་ཤལ་ཉུང་དུ་ཕྱིན་ཡོད། དཔེར་ན། ཉེ་དུས་ཨ་རིའི་ཆེས་མཐོའི་དཔོན་རིགས་དང་སྐོར་སྲུང་བ་འགས་བཤད་དོན། ཏཱ་ལའི་བླ་མ་ཨ་རིར་ཕེབས་རྒྱུར་ང་ཚོས་དགའ་བསུ་བྱེད་བཞིན་ཡོད། དེའི་རྒྱུ་མཚན་ནི་ཏཱ་ལའི་བླ་མའི་བླང་དོར་བཀའ་སློབ་ཀྱི་ནུས་མཐུས་ང་ཚོས་ཁྲིམས་ཀྱིས་སྟངས་འཛིན་དང་བཅོས་མ་ཐུབ་པའི་མི་གསོད་རྐུན་ཇག་ཉུང་དུ་ཕྱིན་སོང་། ཞེས་བཤད་ཡོད། ཡང་དཔེར་ན། ཉེ་དུས་འཛམ་གླིང་གི་སྣེ་ཁྲིད་རྒྱལ་ཁབ་ཏུ་གྲགས་པའི་ཨ་རིའི་ནང་ཆེས་སྙན་གྲགས་ཆེ་བའི་གཙུག་ལག་སློབ་གཉེར་(University of California Santa Barbara) ཁང་གི་དཔེ་མཛོད་ནས་སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་ཅེས་པའི་དེབ་དེ་ཉིད། ཕྱི་ལོ་ ༢༠༠༩ ལོ་གཅིག་གི་རིང་སློབ་མ་རྣམས་ཀྱིས་ཀློག་དགོས་པའི་དེབ་ཁོངས་སུ་གཏན་འབེབས་བྱས་ཡོད། གསུང་རྩོམ་དེ་ཉིད་སྤྱི་ཚོགས་ཀྱི་སྟེང་དུ་འགྲེམས་སྤེལ་བྱས་ནས་ལྟ་ཀློག་བྱེད་མཁན་ཧ་ཅང་མང་བ་དང་མིའི་ཀུན་སྤྱོད་ལ་ཕན་ནུས་ངེས་བརྟན་ཞིག་བྱུང་ཡོད་པའི་ཆ་རྐྱེན་གྱི་འོག་ནས་མཁས་དབང་མང་པོ་བསྡུས་ནས་བགྲོ་གླེང་ཡུན་རིང་བྱས་ཡོད་པ་ཨ་ཅང་ཅང་། དཔེ་མཛོད་ཁང་ནས་གསུང་རྩོམ་དེ་ཉིད་གྲངས་༢༥༠༠ སློབ་མ་རྣམས་ལ་རིན་མེད་དུ་ཕུལ་བ་དང་། གཞན་རྣམས་ལ་བརྒྱ་ཆ་༢༠% ཆག་ཡང་བྱས་ནས་བཙོངས་པ་དང་། མ་ཟད་མཐོ་སློབ་དེ་ཉིད་དང་འདབས་འབྲེལ་གྱི་མཐོ་སློབ་(Santa Barbara City College) ལ་སོགས་པའི་མཐོ་སློབ་གསུམ་དང་དཔེ་མཛོད་ཁང་གཅིག་བཅས་མཉམ་འབྲེལ་གནང་ཡོད།

མ་ཟད་ཉེ་བའི་ཆར་བོད་ཀྱི་གྲོགས་པོ་ཨ་རི་བ་རོ་བྷར་ཌི་ཐར་མིན་གྱིས་ (Robert AF Thurman) དེང་གི་དུས་ལ་ཏཱ་ལའི་བླ་མས་ཅི་ཞིག་གི་ངོ་བོ་མཚོན་གྱི་ཡོད། ཅེས་པའི་རྩོམ་ཡིག་ནང་། ༧སྐྱབས་མགོན་༧རྒྱལ་བ་རིན་པོ་ཆེ་རང་ཉིད་སངས་རྒྱས་ཆོས་ལུགས་ཀྱི་ངོ་བོ་ཙམ་འཛིན་མཁན་དང་། དེ་ཉིད་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་པ་ཙམ་མ་ཡིན་པར་འཇིག་རྟེན་གྱི་འགྲོ་བ་མིའི་བདེ་སྐྱིད་ཀྱི་སླད། བཟང་སྤྱོད་དང་བསམ་བློའི་རིན་ཐང་གོང་འཕེལ་གཏོང་མཁན་གྱི་རླབས་ཆེན་གྱི་སྐྱེས་ཆེན་དང་བྱམས་བརྩེའི་བདག་ཉིད་ཅན་ཡིན། ཞེས་བྲིས་ཡོད།

དེ་ཡང་། དེ་ཉིད་ལས། འདི་ནི་སྔ་མོ་ནས་དར་འོང་བའི་སློབ་གསོ་ཞིག་དང་རྣམ་ཤེས་སམ་ཤེས་པའི་འཕེལ་རིམ་ཞིག དེ་དང་འབྲེལ་བའི་ཤེས་ཡོན་གྱི་ལས་འགུལ་ཞིག་ཡིན་པས། འདིས་འགྲོ་བ་མིའི་རིགས་ཀྱི་བདེ་སྐྱིད་དང་རང་དབང་ཆེད་དུ་གང་ཟག་སོ་སོའི་ལྟ་བའམ་གྲུབ་མཐའ་གང་ཡིན་ལ་མ་ལྟོས་པར། མིའི་སེམས་དང་བསམ་པར་ཤེས་ཡོན་སྤྲོད་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད། ཅེས་དང་། མིའི་རྣམ་དཔྱོད་དང་འཛམ་གླིང་སྤྱིའི་འགན་ཁུར་ལ་མཐོར་འདེགས་དང་རྒྱབ་སྐྱོར་གནང་མཁན་ཞིག་བཅས་ཡིན་ལ། ཞེས་བྲིས་འདུག་ཅིང་དེ་ནི་དཔེ་མཚོན་ཙམ་ཡིན། མ་ཟད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ལོ་རེའི་ནང་འཛམ་གླིང་སྤྱི་དང་ཤར་ནུབ་རྒྱལ་ཁབ་འདྲ་མིན་གྱི་ནང་མི་མང་གི་ཆེས་དགའ་མོས་བྱེད་སའི་བཟང་སྤྱོད་དབུ་འཁྲིད་ནང་ཐེངས་མང་འདེམས་ཐོན་བྱུང་བའི་གསར་འགྱུར་ཧ་ཅང་མང་པོ་གོ་རྒྱུ་དང་མཐོང་རྒྱུ་ཡོད།

སྤྱིར་ན་འཇིག་རྟེན་འདིའི་ཐོག་ལེགས་ཉེས་ཀྱི་རྣམ་གཞག་གང་ཞིག་གསར་གཏོད་དང་ལག་ལེན་བྱ་རྒྱུར་རང་བཞིན་གྱིས་དཀའ་ངལ་སྣ་ཚོགས་པ་ཞིག་དང་འཕྲད་རྒྱུ་ཡིན་པ་ཨ་ཅང་ཅང་། དེ་དང་ཕྱོགས་མཚུངས་ཀུན་ཁྱབ་ཀྱི་རིག་པའི་གཞུང་ལུགས་འདི་ཉིད་ལའང་མི་ལེགས་པའི་ལྟ་ཚུལ་འདོན་མཁན་དངོས་ཤུགས་བརྒྱུད་གསུམ་ནས་བྱུང་ཡོད་སྐོར། ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་དང་། སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་སོགས་བཀླགས་ན་ཤེས་ཐུབ། དཔེར་ན། གོང་དུ་བརྗོད་ཟིན་པ་ལྟར། སྐྱེས་བུ་འགས། ཆོས་ལུགས་དང་མ་འབྲེལ་བའམ་དང་ཆོས་ལུགས་ཀྱི་མཚམས་ལས་འདས་པ་ཞེས་བརྗོད་པའི་ཚེ་དང་། ལྷག་པར་དུ་(Secular Ethics) ཞེས་པའི་ཨིན་ཇིའི་ཚིག་དེ་ཉིད་བརྗོད་པའི་ཚེ་རང་བཞིན་གྱིས་ཆོས་ཁས་མི་ལེན་པའམ། ཆོས་ལ་མི་དགའ་བ། ཆོས་ལ་སྡང་འཛིན་གྱི་ཚིག་ཏུ་འདོད་མཁན་དང་གོ་མཁན་ཡོད་པས་རིག་པའི་གཞུང་ལུགས་དེ་ཉིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མ་གསུངས་ན་ལེགས་ཚུལ་གྱི་དགོངས་འཆར་ཕུལ་མཁན་མང་པོ་བྱུང་ཡོད།

དེའི་ཐད་ཁོང་གིས་གསུངས་དོན། མི་འགའ་ཞིག་དང་ལྷག་པར་དུ་ཡེ་ཤུ་དང་ཁ་ཆེའི་ཆོས་གྲོགས་ཕོ་མོ་ཁ་ཤས་ལ་ངོས་ནས་བེད་སྤྱོད་བྱེད་པའི་ཐ་སྙད་ཆོས་དང་མ་འབྲེལ་བ་ཞེས་པས་དཀའ་ངལ་བཟོ་གི་ཡོད་པ་ངས་ཤེས་ཀྱི་ཡོད། འགའ་ཞིག་གི་ངོར། ཚིག་དེ་ག་རང་གིས་མཐའ་གཅིག་ཏུ་ཆོས་ཁས་མི་ལེན་པའམ་ཡང་ན་དེ་བས་ཆོས་ལ་སྡང་འཛིན་བྱེད་པ་སྟོན་ཞིང་། ཁོང་ཚོའི་བསམ་པར། ཚིག་དེ་བེད་སྤྱོད་བྱས་པས། བཟང་སྤྱོད་ཀྱི་རྣམ་གཞག་དང་མི་མང་གི་འཚོ་བའི་གནས་སྟངས་ཀུན་གྱི་ཁྲོད་ནས་ཆོས་ལུགས་ཟུར་འདོན་བྱེད་པར་ངས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ལྟར་མཐོང་ཤས་ཆེ། ཞེས་དང་། ཡང་དེ་ཉིད་ལས། ངའི་བསམ་པར། ནུབ་ཕྱོགས་ཀྱི་རྒྱལ་ཁབ་ནང་ཆོས་དང་མ་འབྲེལ་བའི་རིང་ལུགས་ཞེས་པའི་བསམ་ཚུལ་ནི་ཡང་ནས་ཡང་དུ་ཆོས་ལུགས་ཀྱི་འགལ་ཟླ་ལྟ་བུ་མཐོང་གི་ཡོད། ཆོས་དང་མ་འབྲེལ་བའི་རིང་ལུགས་དང་ཆོས་གཉིས་རྟག་ཏུ་ཕན་ཚུན་རྒྱབ་འགལ་དང་མཉམ་གནས་མི་ཐུབ་པའི་གནས་སྟངས་ཤིག་ཏུ་ཡོད་པ་ལྟར་མཐོང་ཞིང་། ཕྱོགས་གཉིས་པོའི་རྗེས་འཇུག་པ་རྣམས་ཀྱི་དབར་མངོན་གསལ་དོད་པོའི་དོགས་པ་རྣམ་རྟོག་དང་སྡང་འཛིན་གྱིས་ཁེངས། ཆོས་ནི་འགྲོ་བ་མིའི་ཡར་རྒྱས་ཀྱི་འགོག་རྐྱེན་ཞིག་རེད་ཟེར་བའི་བསམ་ཚུལ་དེ་ངོས་ནས་ཁས་ལེན་ཐུབ་ཐབས་མེད་པ་དང་ཆབས་ཅིག ཞེས་གསལ་བས་ཤེས་ནུས། འོན་ཀྱང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་གནད་དོན་དེའི་སྐོར་ལ་རྒྱ་གར་གྱི་གནའ་བོའི་རིག་གཞུང་དུ་ཡང་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཡོད་པའི་བྱུང་བ་དང་། ལྷག་པར་དུ། སྦི་ཨར་ཨམ་སྦེ་ཀར་ལ་སོགས་ཀྱིས་ཆོས་ལུགས་དང་མ་འབྲེལ་བའི་རྩ་ཁྲིམས་གསར་དུ་བཏོད་དགོས་པའི་རྒྱུ་མཚན་ལ་ཆོས་ལུགས་གང་ཡང་ཁས་མི་ལེན་པ་དང་། ཆོས་ལ་རྒོལ་བའི་ཚབ་ཏུ་ཆོས་ལུགས་ཀུན་ལ་གུས་བཀུར་དང་མཆམ་མཐུན་མཉམ་གནས་ཐུབ་པའི་དགེ་མཚན་སོགས་དུ་མ་ཡོད་སྐོར་གསུངས་པ་ལ་ཁུངས་གཏུགས་པའི་དགོངས་པ་བཞེས་ཡོད་སྐོར་གསུངས་ཡོད། དེ་ཡང་། ཁོང་གིས་ངོས་ལ་མཚོན་ན། ཆོས་དང་མ་འབྲེལ་བ་ཞེས་པའི་ཐ་སྙད་དེར་འཇིགས་སྣང་མེད། དེ་ལས་ལྡོག་སྟེ། རྒྱ་གར་གྱི་ཆོས་དང་མ་འབྲེལ་བའི་རྩ་ཁྲིམས་སྲོལ་བཏོད་བྱེད་པོ་ཌོག་ཊར་སྦི་ཨར་ཨམ་སྦེ་ཀར།(B.R.Ambedkar ) དང་། ཌོག་ཊར་ར་ཇེནྜ་པྲ་ས་ད་(Rajendra Prasad) ལྟ་བུའི་མི་སྣ་རྣམས་ལ་ངོས་ནས་གུས་བརྩི་ཞུ་ཞིང་། ཁོང་རྣམས་ཀྱིས་ཆོས་དང་མ་འབྲེལ་བའི་རིང་ལུགས་གོང་མཐོར་གཏོང་བའི་དམིགས་ཡུལ་ཡང་ཆོས་ལུགས་མེད་པ་བཟོ་ཕྱིར་མ་ཡིན་པར། རྒྱ་གར་གྱི་སྤྱི་ཚོགས་ཁྲོད་དུ་ཆོས་ལུགས་སྣ་ཚོགས་ཡོད་པ་རྣམས་ལུགས་མཐུན་གྱི་སྒོ་ནས་ངོས་འཛིན་བྱ་ཕྱིར་ཡིན། ཞེས་དོགས་སེལ་གནང་ཡོད། མ་ཟད། བོད་པའི་སྤྱི་ཚོགས་ནང་དུ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ཟབ་སྦྱོང་དང་ལག་ལེན་དགོས་མིན་ཐད། འགའ་ཞིག་གིས། ནང་ཆོས་བསླབ་པ་ལས་ལོགས་སུ་དགོས་པ་མེད་སྐོར་གསུངས་པར་མ་ཟད། སྤྱི་འཐུས་གྲོས་ཚོགས་ནང་དེ་ལྟར་གཏམ་བཤད་གནང་མཁན་བྱུང་ཡོད།

ཡང་འགའ་ཞིག་གིས། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་ཚན་ཟུར་དུ་མི་དགོས་པའི་དོགས་སློང་གནང་སྟེ། དེའི་ཁུངས་སུ། ཉེ་སྔོན། ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢༩ ཉིན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ས་རཱ་མཐོ་སློབ་ཀྱི་སྐབས་དང་པོའི་ནང་པའི་ཚན་རིག་དང་ལྟ་གྲུབ་འཛིན་གྲྭའི་སློབ་ཕྲུག་རྣམས་ལ་བཀའ་སློབ་གནང་སྐབས། ང་རང་ཚོའི་སློབ་གྲྭའི་ནང་ལ་མཚོན་ན་ཕ་མེས་ནས་ནང་པ་སངས་རྒྱས་པའི་ཆོས་བྱེད་མཁན་ཡིན་སྟབས། སྤྱིར་བཏང་ཆོས་དད་མེད་མཁན་ཚོར་བཤད་པ་ལྟར་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་ཟེར་བའི་སྐད་ཆ་དེ་བོད་པ་ནང་ཚགས་ལ་ངེས་པར་དུ་བཤད་དགོས་པ་མེད། གཞན་ལ་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་བཤད་དུས་འབྲེལ་བ་ཡོད། ཅེས་གསུངས་པ་འདི་ལུང་དྲངས་ནས་སྒྲུབ་པ་ནི། མི་འགྲིག་སྟེ། བཀའ་སློབ་འདིའི་ནང་སྤྱིར་བཏང་ཆོས་དད་མེད་མཁན་ཚོར་བཤད་པ་ལྟར་ཞེས་པ་དང་། ངེས་པར་དུ་བཤད་དགོས་པ་མེད་ཅེས་པའི་ཚིག་ནུས་ལ་བསམ་བློ་བཏང་མེད་པ་གསལ་པོ་རེད། མ་གཞི་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་རྣམ་གཞག་སྟོན་པའི་དཔེ་དེབ་ཁག་བཀླགས་ནས་ཞིབ་ཚགས་བལྟས་ན་ད་གཟོད་གཞུང་ལུགས་འདི་བོད་པའི་སྤྱི་ཚོགས་སྤྱི་དང་སློབ་གྲྭ་ཁག་གི་ནང་སྤྱོད་སྤེལ་གནང་དགོས་མིན་གསལ་པོ་མཁྱེན་ངེས་ཡིན་པར་མ་ཟད། ནང་ཆོས་ཀྱི་སློབ་སྦྱོང་ཡོད་མཁན་ཚོས་ཀྱང་ངེས་པར་དུ་བལྟ་དགོས་པའི་ངེས་ཤེས་ཤིག་རང་བཞིན་གྱིས་སླེབས་ཡོང་བ་ཡིན།

དེ་ཡང་ཁོང་གིས། ངའི་རེ་བ་དང་འདོད་དོན་ནི། ཉིན་ཞིག་སློབ་གྲྭ་སོགས་ཀྱི་ཤེས་ཡོན་ལམ་ལུགས་ཀྱིས་ངས་བརྗོད་བཞིན་པའི་སེམས་ཀྱི་ཡོན་ཏན་ཞེས་པའི་ཐོག་ལ་དོ་སྣང་སྤྲོད་རྒྱུ་དེ་ཡིན། གཞི་རྩའི་ཤེས་ཡོན་སློབ་གཞིའི་ཐད་ཕུལ་དུ་བྱུང་བ་ཞིག་བྱེད་དགོས་པར་ང་ཚོས་ཡིན་ཤག་བྱེད་པ་བཞིན་དུ་ཕྲུ་གུ་རྣམས་ཀྱིས་རང་རང་སོ་སོའི་སློབ་གྲྭའི་གཏན་འབེབས་སློབ་ཚན་གྱི་ཆ་ཤས་སུ། དཔེར་ན། བྱམས་པ་དང་། སྙིང་རྗེ། བཟོད་པ་ལྟ་བུའི་ནང་སེམས་ཀྱི་རིན་ཐང་གི་གལ་ཆེའི་རང་བཞིན་སློབ་སྦྱོང་བྱ་རྒྱུ་ཡིན་ཤག་བྱེད་པའི་དུས་ཚོད་ཅིག་འཆར་རྒྱུར་ང་ལ་རེ་བ་ཆེན་པོ་ཡོད།

སློབ་གྲྭའི་ནང་རྩོད་རྙོག་འདུམ་སྒྲིག་བྱེད་པར་འཚེ་བ་མེད་པ་དང་ཞི་བདེའི་རྩ་འཛིན་གཉིས་ཟུང་འབྲེལ་བྱས་པའི་འབྲས་བུར། ཉིན་གཅིག་ཕྲུ་གུ་རྣམས་ཀྱིས་སོ་སོའི་ཚོར་སྣང་དང་སེམས་ཚོར་ཐད་རྒྱུས་མངའ་ཆེ་བ་དང་། རང་དང་རྒྱ་ཆེ་བའི་འཛམ་གླིང་གཉིས་ཀའི་ཆེད་འགན་འཁྲིའི་ཚོར་བ་ཤུགས་ཆེ་བ་ཡོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། དེ་ལྟར་བྱུང་ན་དངོས་གནས་ངོ་མཚར་ཆེ་བ་ཞིག་མ་རེད་དམ།

དེར་བརྟེན་འཛམ་གླིང་འདི་ཡག་པོ་ཞིག་ཡོང་བར། རྒྱལ་ཁབ་འདིའམ་དེའི་མི་སེར། ཆོས་ལུགས་འདིའམ་དེའི་ཁོངས་མི་ཡིན་མིན་ལ་མ་ལྟོས་པར། རྒན་གཞོན་སུ་ཡིན་རུང་ང་ཚོ་ཚང་མ་མི་འབོར་ཐེར་འབུམ་བདུན་ཡོད་པའི་ཁྱིམ་ཚང་ཆེན་པོ་འདིའི་ཆབ་འབངས་བྱེ་བྲག་པ་ཞིག་ཡིན་པའི་ཆ་ནས། མིག་རྒྱང་དང་སྙིང་སྟོབས་ལྡན་པའི་ཐོག་ནས་རེ་བ་བཟང་སར་བཅོལ་ཏེ་ཕྱར་བ་གྲུ་འདེགས་ཀྱིས་འབད་བརྩོན་སྟེན་དགོས། དེ་ནི་ངའི་བཅོས་མིན་གྱི་རེ་སྐུལ་ཡིན། ཞེས་གསུངས་ཡོད།

༡༣ དམག་འཁྲུག་གི་མཇུག་འབྲས་ལས་གཡོལ་ཐབས་གྲོས་མོལ་གྱི་བཟང་སྤྱོད།

དམག་འཁྲུག་གི་མཇུག་འབྲས་ལས་གཡོལ་ཐབས་གྲོས་མོལ་གྱི་བཟང་སྤྱོད་ཐད་ཁོང་གིས་གསུངས་དོན། དུས་རབས་ཉི་ཤུ་པ་ནི་སྔོན་ཆད་བྱུང་མྱོང་མེད་པའི་འགྲོ་བ་མིའི་འཁྲུག་རྩོད་ཀྱི་ཁེངས་པའི་དུས་སྐབས་ཤིག་ཡིན། དམག་འཁྲུག་དང་། གསར་བརྗེ། མི་རིགས་སྡེབ་གསོད་སྐབས་མི་ས་ཡ་བརྒྱ་ཕྲག་གཉིས་ལྷག་ཙམ་རྐྱེན་ལམ་དུ་བཏང་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད། ནཱ་ཛི་(Nazi) ཡིས་མི་རིགས་རྩ་མེད་ཤུགས་ཆེ་བཏང་བའི་བྱ་སྤྱོད་ནས་སི་ཏཱ་ལིན་(Stalin) དང་། མའོ་ཁོ་རང་གི་མི་ཚེའི་སྨད་ལྟ་བུའི་བཙན་ཤེད་ཆེ་བའི་དབང་འཛིན་པ་རྣམས་ཀྱིས་མི་གསོད་ཁྲག་སྦྱོར་ཤུགས་ཆེ་བཏང་བའི་བར་དང་། ཀི་མེར་རོ་ཇིས་(Khmer Rouge) མི་གསོད་ཁྲག་སྦྱོར་བྱ་ཡུལ་ནས་བལ་ཀན་(Balkans) ནང་མི་རིགས་རྩ་མེད་གཏོང་ཐབས་བྱས་པ་དང་རཱ་ཝན་ཌའི་(Rwanda) ནང་མི་རིགས་སྡེབ་གསོད་གཏོང་བའི་བར་གྱི་འགྲོ་བ་མིའི་རིགས་ལ་མནར་དུ་བཅུག་པའི་སྡུག་བསྔལ་ནི་དོན་དམ་དུ་བཟོད་གླགས་བྲལ་བ་ཞིག་ཡིན། འགྲོ་བ་མིའི་ལོ་རྒྱུས་ཁྲོད་རྟག་ཏུ་དམག་འཁྲུག་གིས་བར་ཆད་བཏང་ཡོད་པ་བརྗོད་མི་དགོས། འགྲོ་བ་མི་གནས་པ་དེ་སྲིད་དུ། ངོས་ཀྱི་བསམ་པར་དཀའ་རྙོག་ནི་དུས་རྟག་ཏུ་ཡོང་བར་ངེས། འོན་ཀྱང་འདས་པའི་ལོ་ངོ་བརྒྱ་ཕྲག་དུ་མའི་རིང་བཏང་བའི་གཏོར་བཤིག་ནི་སྔོན་ཆད་བྱུང་མྱོང་མེད་པ་ཞིག་ཆགས་ཡོད། ཐ་ན་ཞི་བདེའི་དུས་སྐབས་སུའང་། གཏོར་སྐྱོན་ཆེ་བའི་འགྲོ་བ་མིའི་བཟོ་ལས་རིག་རྩལ་རྒྱུན་མ་ཆད་པར་ཡར་རྒྱས་དང་འཕེལ་རྒྱས་ཕྱིན་ཏེ་ཉོ་ཚོང་བྱས་ཡོད། དེང་སྐབས་འཛམ་གླིང་ནང་མཚོན་ཆ་དེ་དག་གི་གཏོར་སྐྱོན་ལ་བརྟེན་ནས་དངངས་སྐྲག་མ་བསླངས་པའི་ས་ཆ་མེད། འཛམ་གླིང་ནང་དྲག་སྤྱོད་ཀྱི་དཀའ་ངལ་ལ་གདོང་ལེན་བྱེད་བཞིན་པ་དང་འབྱུང་འགྱུར་མི་རབས་རྣམས་ཀྱི་ཆེད་ང་ཚོས་ཉེན་ཁ་མེད་པའི་འཛམ་གླིང་ཞིག་ཇི་ལྟར་སྐྲུན་ཕྱོགས་ཐད་བསམ་བློ་གཏོང་སྐབས། ཆབ་སྲིད་པ་དང་ཁོང་ཚོའི་ཁ་གཏད་པ་ཚོར་སྡོམ་སེམས་ལག་བསྟར་དགོས་པར་རེ་སྐུལ་ཙམ་ཞུ་བ་ལས་ལྷག་པ་ཞིག་ང་ཚོས་ངེས་པར་དུ་བྱེད་དགོས། གཞན་ཡང་། ང་ཚོས་བཟོད་བསྲན་བྱེད་བཞིན་པའི་འཇིགས་སྣང་དག་གོ་མཚོན་བཟོ་ལས་དང་ཚོང་སྒྱུར་བྱེད་པ་ཉིད་ལས་བྱུང་བ་དང་། རྒྱུན་དུ་བརྒྱུད་ལམ་གྱིས་རྒྱང་བསྲིང་བྱས་པའི་དྲག་སྤྱོད་ཀྱི་སྤྱི་སྲོལ་ལས། ངོ་ཐོག་ཏུ་དྲག་སྤྱོད་ནི་འགྲོ་བ་མིའི་དཀའ་རྙོག་སེལ་བར་ལག་བསྟར་རུང་བའི་ཐབས་ལམ་ཞིག་ཏུ་ལྟ་བའི་འཁྲུལ་སྣང་སྤེལ་བར་བྱེད་ཀྱི་ཡོད། དོན་དམ་དུ་ང་ཚོར་ག་རེ་དགོས་ཤེ་ན། འགྲོ་བ་མིའི་གོ་རྟོགས་ཐད་གཞི་རྩའི་འགྱུར་བ་ཞིག་གཏོང་དགོས། དམིགས་བསལ་གྱི་གནས་སྐབས་སུ་མ་གཏོགས་སྐབས་ཚང་མར། དྲག་སྤྱོད་ཀྱིས་དྲག་སྤྱོད་འཕར་མ་འབའ་ཞིག་སློང་བར་བྱེད། དེར་བརྟེན་ང་ཚོས་དྲག་སྤྱོད་བརྒྱུད་ཞི་བདེ་སྐྲུན་ཐུབ་ཅེས་པར་ཆ་འཇོག་བྱེད་པ་ནི་ཕྱོགས་ཡོངས་ནས་ལམ་ཕྱིན་ཅི་ལོག་བསྟན་པ་ཞིག་ཡིན།

འཛམ་གླིང་ནང་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་གཏིང་ཟབ་ཡོད་པའི་དུས་སྐབས་འདིར། དམག་འཁྲུག་ནི་དུས་ཚོད་ཡོལ་ཟིན་ཞིང་རྒྱུ་མཚན་དང་མི་ལྡན་པ་ཞིག་ཡིན། གནའ་བོའི་དུས་སུ་སྡེ་ཚན་གཉིས་ཀྱི་ཁེ་ཕན་ཕྱོགས་ཡོངས་ནས་ཐ་དད་དུ་ཡོད་སྐབས། དྲག་སྤྱོད་ནི་མཐའ་མའི་ཐབས་ལམ་ཞིག་ཏུ་བེད་སྤྱོད་བྱེད་པར་རྒྱུ་མཚན་ཞིག་ཡོད་ཤས་ཆེ། འོན་ཀྱང་དེང་སྐབས་གནད་དོན་དེ་ལྟར་མ་ཡིན། ཁོར་ཡུག་དང་། དཔལ་འབྱོར། ཆབ་སྲིད་བཅས་ཀྱི་ཐོག་ནས་ས་ཁུལ་དང་མི་ཚང་མ་ཕན་ཚུན་འབྲེལ་ནས་ཡོད། ས་ཁུལ་གཅིག་ནང་དམག་འཁྲུག་དང་བཙན་གནོན། ཡང་ན། མི་སེར་འཁྲུག་ཟིང་བྱུང་བས་བཟློག་ཏུ་མེད་པར་འཛམ་གླིང་གི་ས་ཁུལ་གཞན་ནང་གི་མི་རྣམས་ལའང་ཤུགས་རྐྱེན་ཐེབས་ངེས་ཡིན། དྲག་སྤྱོད་རིང་ལུགས་ཀྱི་དཀའ་ངལ་ནི་ཚབས་ཆེ་བའི་དཔེ་མཚོན་ཞིག་ཡིན། མི་རྣམས་ལ་གཏོར་བཤིག་གཏོང་བར་ཀུན་སློང་སྤེལ་ཚེ། ཉེན་རྟོག་སྐོར་སྲུང་ངམ་བདེ་འཇགས་ཀྱི་ལམ་ལུགས་གང་གིས་ཀྱང་ནམ་ཡང་བཀག་འགོག་མི་ཐུབ།

གཞན་ཡང་། དྲག་སྤྱོད་ནི་དཀའ་རྙོག་སེལ་བར་དོན་དངོས་དང་མི་མཐུན་པའི་ཐབས་ལམ་ཞིག་ཏུ་སྟོན་མཁན་གྱི་རྐྱེན་ཞིག་ནི་དེའི་སྔོན་དཔག་མི་ཐུབ་པའི་མཇུག་འབྲས་ཡིན། ཉེ་བའི་ཨི་རག་གི་དམག་འཁྲུག་ནི་དེའི་དཔེ་མཚོན་འཁྲུལ་མེད་ཅིག་ཡིན། མ་གཞི་ཐོག་མའི་དམིགས་དོན་ཡང་ཚད་གཞི་ངེས་ཅན་གྱི་ལས་འགུལ་ཞིག་བཀོད་འདོམས་བྱ་ཕྱིར་ཡིན་ཀྱང་། དེའི་མཇུག་འབྲས་ཡུན་རིང་པོར་གནས་པ་དང་། ད་དུང་ཐག་གཅོད་མི་ཐུབ་པའི་དཀའ་རྙོག་དེས་ནག་ཉེས་མེད་པའི་མི་ས་ཡ་མང་པོའི་ཚེ་སྲོག་ཕྲོགས།

དུས་རབས་ཉི་ཤུ་རྩ་གཅིག་པའི་འབྱུང་འགྱུར་གྱི་ལོ་ངོ་དེ་དག་ནང་། འདས་པའི་ནོར་འཁྲུལ་རྣམས་བསྐྱར་ཟློས་མི་ཡོང་བར་ང་ཚོས་ངེས་པར་དུ་ཏན་ཏན་ཏིག་ཏིག་བྱེད་དགོས། ངེད་ཅག་གི་འཛམ་གླིང་ནང་དྲག་སྤྱོད་ཀྱི་གནས་སྟངས་ཉུང་དུ་གཏོང་བའི་ཐབས་ལམ་གཅིག་པུ་དེ་ནི་གོ་ལའི་སྟེང་གི་མི་ག་ཚོད་མང་མང་གིས་ཆེད་དུ་མངགས་ནས་གོ་མཚོན་བཀག་སྡོམ་བྱེད་པའི་ལངས་ཕྱོགས་ཤིག་འགོ་འཛུགས་བྱེད་དགོས། གོ་མཚོན་བཀག་སྡོམ་བྱེད་པ་ནི་ལག་ལེན་དངོས་ཀྱི་ནང་སྙིང་རྗེའི་རང་བཞིན་ཆགས་ཡོད། དེར་བརྟེན་གང་དགོས་པ་ནི། སྒེར་གྱི་རིམ་པའི་ཐོག་ནས་ཞེ་སྡང་དང་། ཕྱོགས་ལྷུང་། མི་བཟོད་པ་བཅས་མེད་པའི་ནང་སེམས་ཀྱི་གོ་མཚོན་བཀག་སྡོམ་དང་། རྒྱལ་ཁབ་དང་མངའ་སྡེའི་རིམ་པའི་ཐོག་ནས་ཕྱིའི་གོ་མཚོན་བཀག་སྡོམ་སྟེ་གཉིས་ཀ་བྱེད་དགོས་པ་ཡིན། ང་ཚོས་མི་རབས་སྔོན་མ་ནས་བརྒྱུད་པའི་རྨ་ཁ་དེའི་སྟེང་ཚྭ་བླུག་རྒྱུའི་ཚབ་ལ་གྲོས་མོལ་དང་། མཉམ་ལས། བསམ་ཤེས་བཅས་ལ་བློ་གཏད་དེ་ང་ཚོའི་འགལ་ཟླ་རྣམས་ངེས་པར་དུ་སེལ་འགོ་འཛུགས་དགོས། གོ་ལའི་མི་འབོར་མུ་མཐུད་འཕེལ་རྒྱས་འགྲོ་བ་དང་། རྒྱ་ནག་དང་། རྒྱ་གར། བི་རཱ་ཛིལ་ལ་སོགས་པའི་རྒྱལ་ཁབ་ཆེ་ཁག་རྣམས་ཀྱི་དཔལ་འབྱོར་རྒྱ་སྐྱེད་མྱུར་པོར་མདུན་སྐྱོད་བྱེད་པ་དང་དུས་མཚུངས། རྗེས་ཤུལ་འགྱུར་རྡོའི་བུད་རྫས་ཙམ་མིན་པར་གཞི་རྩའི་དགོས་མཁོ་ཆུ་དང་། བཟའ་ཆས། ས་ཆ་ཐེ་བའི་རང་བྱུང་ཐོན་ཁུངས་ཆེད་གོ་ལ་ཡོངས་ཀྱི་འགྲན་སྡུར་ནི་འགོག་ཐབས་མེད་པར་ཛ་དྲག་ཏུ་འགྲོ་རྒྱུ་རེད། དེར་བརྟེན་ང་ཚོའི་མི་རབས་གཞོན་པ་རྣམས་དང་ང་ཚོའི་མ་འོངས་པའི་ལྟ་སྐྱོང་བྱེད་པོ་རྣམས་ཀྱིས་དམག་འཁྲུག་གི་ཕན་མེད་རང་བཞིན་ལ་གོ་རྟོགས་བརྟན་པོ་ཞིག་རྙེད་པ་བྱ་རྒྱུ་ནི་གལ་འགངས་ཆེན་པོ་ཡིན། འཚེ་མེད་ཞི་བ་ནི་དྲང་བདེན་མེད་པ་ཐག་གཅོད་བྱ་རྒྱུར་ཕུགས་འཕེར་ཐུབ་པའི་ཐབས་ལམ་ལེགས་ཤོས་དེ་ཡིན་པ་ང་ཚོས་བདག་ཉིད་ཆེན་པོ་གཱནྡྷཱི་དང་མར་ཊིན་ལུ་ཐར་ཀིང་གི་རླབས་ཆེ་བའི་མཛད་འཕྲིན་ལས་སློབ་སྦྱོང་བྱེད་ཐུབ། དུས་རབས་ཉི་ཤུ་པ་དེ་འཚེ་བའི་དུས་རབས་ཤིག་ཏུ་གྱུར་ནའང་། དུས་རབས་ཉི་ཤུ་རྩ་གཅིག་པ་དེ་ང་ཚོས་གྲོས་མོལ་གྱི་དུས་རབས་ཤིག་ཏུ་འགྱུར་ཐུབ་པ་བྱེད་དགོས། ཞེས་ནན་བརྗོད་གནང་ཡོད།

༡༤ ཉིན་རེའི་འཚོ་བའི་ཁྲོད་བཟང་སྤྱོད་དང་ལྡན་པའི་ཉམས་ལེན།

ཉིན་རེའི་འཚོ་བའི་ཁྲོད་བསམ་བཞིན་དུ་བཟང་སྤྱོད་དང་ལྡན་པའི་མཐོང་སྣང་ཞིག་སྐྲུན་དགོས་ལ། དེ་ལ་ཚུལ་ཁྲིམས་གསུམ་གྱི་ཉམས་ལེན་གནང་རྒྱུར་ཕྱོགས་ཡོངས་ནས་འབད་པ་བྱ་རྒྱུར་ཁོང་གིས་ལམ་སྟོན་འདི་ལྟར་གནང་ཡོད། ཡ་རབས་བཟང་སྤྱོད་འདི་ཉིན་རེའི་འཚོ་བའི་ནང་ཇི་ལྟར་ལག་ལེན་འགེལ་ཕྱོགས་ཀྱི་གནད་དོན་ལ་གཞིགས་ན། རྣམ་པའམ་རིམ་པ་གསུམ་གྱི་བརྒྱུད་རིམ་ཐོག་ནས་བསམ་ཞིབ་བྱས་ན་ཕན་ཐོགས་ཆེ་བ་ཡོང་སྲིད་པ་དང་། དེ་དག་རིམ་པ་བཞིན་དུ་གཅིག་ལས་གཅིག་ཡར་ཐོན་ཆེ་བ་དང་། ཕྱི་མ་ལེགས་གྲུབ་ཡོང་བར་སྔ་མར་ལྟོས། ཚད་ལྡན་གྱི་ནང་པའི་གཞུང་འགའ་ཞིག་ནང་འཁོད་པ་བཞིན། དེ་དག་ནི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཀྱིས་གཞན་ལ་དངོས་སུ་གནོད་པའམ་གནོད་སྲིད་པའི་ལས་ཆེད་དུ་སྤོང་བར་བྱེད། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཀྱིས་ཧུར་སྐྱེད་ཆེན་པོས་ང་ཚོའི་བཟང་ཕྱོགས་ཀྱི་སྤྱོད་ལམ་དང་། ནང་སེམས་ཀྱི་རིན་ཐང་མ་བསྐྱེད་པ་རྣམས་སྐྱེད་པ་དང་བསྐྱེད་པ་རྣམས་གོང་ནས་གོང་དུ་སྤེལ་བར་བྱེད། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཀྱིས་བཅོས་མིན་དང་རང་ཤེད་མེད་པའི་སྒོ་ནས་གཞན་གྱི་བདེ་དོན་སླད་ང་ཚོའི་ཚེ་སྲོག་བསྔོ་བར་བྱེད་པ་བཅས་ཡིན། ཞེས་གསུངས། དེ་གསུམ་གྱི་གོ་དོན་ནི།

༡ ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཐད་གསུངས་དོན། མངོན་གསལ་དོད་པོར་གནོད་ཚབས་ཆེ་བའི་སྤྱོད་ལམ་གྱི་རིགས་འགའ་ཞིག་ཐད། འཛམ་གླིང་ནང་གི་ཆོས་ལུགས་དང་འཇིག་རྟེན་ཡ་རབས་སྤྱོད་ཚུལ་གྱི་སྲོལ་རྒྱུན་ཆེ་ཁག་ཚང་མ་གཅིག་ཏུ་བབས། མི་གསོད་ཁྲག་སྦྱོར་དང་། མ་བྱིན་པར་ལེན་པ། ལོག་གཡེམ་ལྟ་བུ་ཚུལ་དང་མི་མཐུན་པའི་འཁྲིག་སྤྱོད་རྣམས། ངོ་བོ་ཉིད་ནས་གཞན་ལ་གནོད་ཚབས་ཆེ། དེས་ན་དེ་དག་ངེས་པར་དུ་སྤོང་དགོས་པ་ཨ་ཅང་བརྗོད་མེད་ཡིན། འོན་ཀྱང་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ལ་དེ་ལས་ལྷག་པའི་གོ་དོན་ཡོད། ང་ཚོས་ཧུར་སྐྱེད་ཆེན་པོས་གཞན་ལ་ཕན་ཐོགས་བྱ་རྒྱུའི་བསམ་བློ་མ་བཏང་བའི་སྔོན་དུ། གཞན་ལ་གནོད་པ་བྱ་རྒྱུ་མེད་པ་དང་། ཐ་ན་འཕྲལ་དུ་འཚེ་བའི་ལས་མིན་པའི་ང་ཚོའི་བྱ་སྤྱོད་ཀྱིས་ཀྱང་གཞན་ལ་མི་གནོད་པ་བྱེད་ཀྱི་ཡིན་ཞེས་དང་པོ་ནས་ངེས་བརྟན་བཟོ་དགོས། གནོད་པ་མི་བྱེད་པའི་རྩ་འཛིན་འདི་ལ་གཞིགས་ན། གཅེར་བུ་པའི་ཆོས་ལུགས་ནང་གི་ངོས་ཀྱི་ཆོས་གྲོགས་ཕོ་མོ་རྣམས་ཀྱིས་ང་ལ་དམིགས་བསལ་གུས་བརྩི་དང་ཡིད་སྨོན་སྐྱེད་དུ་བཅུག་བྱུང་། གཅེར་བུ་པའི་ཆོས་ནི་ནང་ཆོས་ཀྱི་མཚེ་ཕྲུག་ལྟ་བུའི་ཆོས་ལུགས་ཤིག་ཡིན་ཞིང་། ཆོས་ལུགས་དེས་སེམས་ཅན་ཐམས་ཅད་ཀྱི་ཆེད་འཚེ་བ་མེད་པའི་དགེ་བའམ་ཨཧིམ་སཱ་ (ahimsa) ལ་ཧ་ཅང་གཙིགས་ཆེན་པོ་འཛིན་གྱི་ཡོད་སྐོར་གསུངས་ཡོད། མ་ཟད་ང་ཚོའི་ཉིན་རེའི་མི་ཚེའི་ནང་སོ་སོ་མནར་དུ་འཇུག་པའི་སྡུག་བསྔལ་རྣམས་ང་ཚོ་ཚང་མས་ཉུང་དུ་གཏོང་ཐུབ་པར་གལ་ཆེ་ཤོས་ནི་རང་གི་སྤྱོད་ལམ་ཐད་རྣམ་དཔྱོད་བེད་སྤྱོད་བྱ་རྒྱུ་དང་། བག་ཡོད་པའི་ལྷན་སྐྱེས་ཀྱི་ཚོར་སྣང་གི་རྗེས་སུ་འཇུག་རྒྱུ་དེ་ཡིན། དེ་ནི་རྣམ་དཔྱོད་ལ་བརྟེན་ནས་འབྱུང་བའི་རྣམ་པར་དག་པའི་ཤེས་བཞིན་གྱི་འབྲས་བུ་ཡིན། ཞེས་གསུངས།

༢ དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཐད་གསུངས་དོན། གལ་ཏེ་དྲན་པ་དང་། ཤེས་བཞིན། བག་ཡོད་བརྒྱུད་ང་ཚོས་སོ་སོའི་ཉིན་རེའི་བྱ་སྤྱོད་དང་ངག་གི་ཐོག་ནས་གཞན་ལ་གནོད་འཚེ་བྱེད་པ་སྤོང་ཐུབ་ན། ང་ཚོས་ཧུར་སྐྱེད་ཆེན་པོས་བྱ་བ་བཟང་པོ་ལ་འཇུག་པར་དོ་སྣང་ཤུགས་ཆེ་བ་བྱེད་འགོ་འཛུགས་ཐུབ་པ་དང་། དེ་ནི་རླབས་ཆེ་བའི་བདེ་བ་དང་ནང་གི་གདེང་སྤོབས་ཀྱི་འབྱུང་ཁུངས་ཤིག་ཏུ་འགྱུར་ཐུབ། གཞན་ལ་བརྩེ་སེམས་དང་གཤིས་རྒྱུད་བཟང་པོ་བྱེད་པ་དང་། གཏོང་ཕོད་ཅན་བྱེད་པ། དགོས་མཁོ་ཅན་ལ་རོགས་རམ་བྱེད་པ་བཅས་ང་ཚོའི་བྱ་སྤྱོད་ཀྱི་ཐོག་ནས་གཞན་ལ་ཁེ་ཕན་སྐྲུན་ཐུབ། དེར་བརྟེན། གཞན་གྱི་ཐོག་ཏུ་རྐྱེན་ངན་བབས་པའམ་གཞན་གྱིས་ནོར་འཁྲུལ་བྱེད་སྐབས། ཟུར་ཟའམ་བསྙོན་འཛུགས་བྱས་ཏེ་ཡ་ལན་སྤྲོད་རྒྱུའི་ཚབ་ལ། ང་ཚོས་ངེས་པར་དུ་སེམས་ཐག་ཉེ་པོའི་ཐོག་ནས་ཁོང་ཚོར་འབྲེལ་བ་བྱས་ཏེ་རོགས་རམ་བྱེད་དགོས། ང་ཚོའི་ངག་གི་ཐོག་ནས་གཞན་ལ་ཕན་འདོགས་པའི་ཁྲོད་གཞན་ལ་བསྟོད་བསྔགས་གཏོང་བ་དང་། ཁོང་ཚོའི་དཀའ་ངལ་ལ་ཉན་འཇོག་བྱེད་པ། བསླབ་བྱ་རྒྱག་པ་དང་སེམས་ཤུགས་སྤོར་བ་སོགས་ཚུད་ཡོད།

ང་ཚོའི་ངག་དང་བྱ་སྤྱོད་ཀྱི་ཐོག་ནས་གཞན་ལ་ཁེ་ཕན་བསྐྲུན་པར། གཞན་གྱི་གྲུབ་འབྲས་དང་བསོད་ནམས་ལ་རྗེས་སུ་ཡི་རང་ཞིང་དགའ་བ་སྒོམ་པའི་སྤྱོད་ལམ་ཞིག་རྒྱུད་ལ་བསྐྱེད་ན་ཕན་ཐོགས་ཆེན་པོ་ཡོད། སྤྱོད་ལམ་དེ་ནི་ཕྲག་དོག་གི་གཉེན་པོ་སྟོབས་ལྡན་ཞིག་ཡིན་ཞིང་། ཕྲག་དོག་ནི་གང་ཟག་སྒེར་ལ་དགོས་མེད་ཀྱི་སྡུག་བསྔལ་གྱི་འབྱུང་ཁུངས་ཙམ་མ་ཟད་གཞན་དང་མཉམ་དུ་འབྲེལ་བ་བྱེད་པ་དང་ལས་དོན་ལ་འཇུག་པར་ང་ཚོའི་ནུས་པའི་འགོག་རྐྱེན་ཞིག་ཀྱང་ཡིན། དེ་ལྟ་བུའི་རྗེས་སུ་ཡི་རང་བའི་དགའ་བ་སྒོམ་པ་ནི། རང་ཉིད་ཀྱི་དགེ་བ་གོང་མཐོར་གཏོང་བའི་ཐབས་ལམ་སྟབས་བདེ་ཤོས་ཤིག་རེད་ཅེས་བོད་པའི་དགེ་རྒན་རྣམས་ཀྱིས་ཡང་ཡང་གསུང་གི་ཡོད།

༣ སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཐད་གསུངས་དོན། སེམས་ཅན་དོན་བྱེད་ནི་ཞེ་ཐག་པ་ནས་རང་དོན་བློས་བཏང་སྟེ་གཞན་ལ་ཕན་འདོགས་ཕྱིར་རང་གི་བྱ་སྤྱོད་དང་ངག་གཞན་ལ་བསྔོ་བ་ཞིག་ལ་བརྗོད། འཛམ་གླིང་གི་ཆོས་ལུགས་ཚང་མས་དེ་ནི་བཟང་སྤྱོད་ཉམས་ལེན་ཁྲོད་ཚད་མཐོ་ཤོས་ཀྱི་ཉམས་ལེན་ཞིག་དང་། ཆོས་ལུགས་མང་པོའི་ནང་ཐར་པ་འཐོབ་པའམ་དཀོན་མཆོག་དང་མཐུན་སྒྲིལ་ཡོང་བའི་ཐབས་ལམ་གཙོ་བོ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད།

འོན་ཀྱང་གཞན་གྱི་སླད་དུ་ཆ་ཚང་བ་དང་རང་ཤེད་མེད་པའི་ཐོག་ནས་བསྔོ་བ་དེ་བཟང་སྤྱོད་ཉམས་ལེན་གྱི་ཚད་མཐོ་ཤོས་ཤིག་ཡིན་ནའང་། དེ་ལྟར་སེམས་ཅན་གྱི་དོན་བྱེད་པ་དེ་མི་སུ་གཅིག་གིས་ཀྱང་ལག་བསྟར་མི་ཐུབ་པའི་དོན་མ་ཡིན། དོན་དངོས་ཐོག་སྤྱི་ཚོགས་ཀྱི་ལས་དོན་དང་འཕྲོད་བསྟེན་ལྟ་རྟོག་ལྟ་བུ་མི་ལ་ལྟ་སྐྱོང་བྱེད་མཁན་གྱི་ཆེད་ལས་ཁྲོད་མི་མང་པོ་ཞིག་དང་། སློབ་ཁྲིད་ཀྱི་ལས་གཞིའི་ནང་དུའང་མི་མང་པོས་བཟང་སྤྱོད་ཀྱི་རིམ་པ་གསུམ་པ་དེར་རྩེ་གཅིག་ཏུ་འབད་བརྩོན་བྱེད་ཀྱི་ཡོད། དེ་ལྟའི་ཆེད་ལས་ཀྱིས་མི་མང་པོའི་ཚེ་སྲོག་ལ་ཐད་ཀར་ཕན་འདོགས་པས། དངོས་གནས་ངོ་མཚར་ཆེ་བ་ཞིག་རེད། ད་དུང་མི་དཀྱུས་མ་རྣམས་ཀྱིས་རང་གི་མི་ཚེ་བཟང་སྤྱོད་ཐོག་ནས་སྐྱེལ་ཐུབ་པ་དང་། གཞན་ལ་ཕན་འདོགས་བྱེད་ཐུབ་པའི་ཐབས་ལམ་གཞན་ཧ་ཅང་མང་པོ་ཡོད། ག་རེ་དགོས་ཀྱི་ཡོད་ཅེ་ན། གཞན་ལ་ཞབས་འདེགས་སྒྲུབ་རྒྱུ་དེ་གལ་གནད་ཆེ་ཤོས་སུ་འཛིན་དགོས།

གཞན་ལ་ཞབས་འདེགས་སྒྲུབ་པའི་གལ་ཆེའི་ཆ་ཤས་ཤིག་ནི་རྣམ་དཔྱོད་བེད་སྤྱད་དེ་འབྱུང་སྲིད་པའི་ང་ཚོའི་བྱ་སྤྱོད་ཀྱི་འབྲས་བུར་དཔྱད་ཞིབ་བྱེད་རྒྱུ་དེ་ཡིན། དེ་རྗེས་ང་ཚོའི་ཉིན་རེའི་མི་ཚེའི་ནང་བག་ཡོད་དང་། དྲན་པ། ཤེས་བཞིན་བཅས་བསྟེན་ནས། ང་ཚོས་སོ་སོའི་བྱ་སྤྱོད་དང་ངག་ལ་ཚོད་འཛིན་ཐུབ་པ་ཡོང་གི་ཡོད། དེ་ནི་རང་དབང་གི་གཞི་རྟེན་ངོ་མ་ཡིན་ཞིང་། རང་གིས་རང་ལ་ཚོད་འཛིན་བྱེད་པའི་ནུས་པ་ཐོབ་པ་དང་གནས་སྐབས་གང་དུའང་ང་ཚོའི་བྱ་སྤྱོད་འཚེ་བ་མེད་པར་ངེས་བརྟན་བཟོ་ཕྱིར་དེ་བེད་སྤྱོད་བྱས་ཏེ། གཞན་ལ་ཕན་འདོགས་ཆེད་ང་ཚོས་ཧུར་སྐྱེད་ཆེན་པོས་ལས་དོན་སྒྲུབ་འགོ་འཛུགས་ཐུབ། ཅེས་གསུངས་ཡོད།

༡༥ ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ཤེས་ཡོན་གོང་འཕེལ་གཏོང་ཐབས།

བཟང་སྤྱོད་ཀྱི་ཤེས་ཡོན་འདི་དག་ནི། མི་ལ་འཇིགས་སྐུལ་གྱིས་དང་དུ་ལེན་འཇུག་རྒྱུ་དེ་མ་ཡིན་པར། སྐྱེ་བོ་རེ་རེའི་རང་ངོས་ནས་རྣམ་གཞག་འདིའི་རིན་ཐང་དང་དགོས་དམིགས་ལ་གོ་རྟོགས་ཡོད་པའི་ཐོག་ནས་ཐབས་མཁས་ཞི་འཇམ་གྱིས་མི་སྒེར་རང་རང་གི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པར་ར་སྤྲོད་བྱ་རྒྱུ་གཙོ་འདོན་བྱ་རྒྱུ་གལ་ཆེ། འཇིགས་སྐུལ་ལ་རིགས་སྣ་ཚོགས་ཡོད་ཆོག་སྟེ། དཔེར་ན།

༡ དམྱལ་བའི་སྡུག་བསྔལ་དང་བདེ་འགྲོའི་ཕན་ཡོན་བཤད་ནས་དང་དུ་ལེན་འཇུག་པ།

༢ ཁྲིམས་དང་འགན་འཁྲི་ཡིན་པར་བསྒྲགས་པ།

༣ རྡུང་རྡེག་སོགས་བརྒྱུད་ནས་དང་དུ་ལེན་འཇུག་པ་ལྟ་བུའོ། །

དེར་བརྟེན་འབྱུང་འགྱུར་བོད་ཀྱི་མི་ཆོས་ཀྱི་རྩ་བ་དེ་ཉིད་འཇིགས་སྐུལ་གྱི་སྟེང་ལ་གཞི་འཇོག་རྒྱུ་མ་ཡིན་པར། སྐྱེ་བོ་སྒེར་རང་རང་གི་ལྷན་སྐྱེས་ཀྱི་དགའ་ཕྱོགས་རྒྱུན་འཁྱོངས་བྱ་རྒྱུར་ཁོར་ཡུག་དང་མཐུན་རྐྱེན་བསྐྲུན་དགོས། སློབ་གསོའི་ཐོག་མཐའ་བར་གསུམ་གྱི་དམིགས་ཡུལ་ནི་བྱམས་བརྩེ་དང་ཤེས་རབ་ལྡན་པའི་མི་བཟང་པོ་ཞིག་བཟོ་དགོས་རྒྱུ་མ་ཟད། སྤྱིར་བཏང་མིའི་ལྷན་སྐྱེས་ཀྱི་རང་བཞིན་དེ་སྡིག་སྒྲིབ་ཅན་ཡིན་པར་འདོད་པ་དང་། བྱམས་བརྩེའི་རང་བཞིན་ཅན་ཡིན་པར་འདོད་མཁན་གཉིས་ལས་ཕྱི་མ་ནི། ཚན་རིག་གིས་ར་སྤྲོད་བྱས་ཡོད་པ་ཞིག་ཡིན། དགའ་ཕྱོགས་དེར་དོ་སྣང་དང་གོང་འཕེལ་གཏོང་སྟངས་ལ་ཤུགས་སྣོན་བྱེད་དགོས། དེར་མ་ཟད་གཞན་ཀྱི་བདེ་སྡུག་གི་མྱོང་ཚོར་ཤེས་རྟོགས་བྱ་རྒྱུ་ཙམ་དུ་མ་ཟད། དེ་ཉིད་ལ་སེམས་ཁུར་དང་སྐྱིད་སྡུག་མཉམ་མྱོང་སྦྱོང་བརྡར་བྱེད་མ་ཐུབ་ཚེ། དེ་ཉིད་ལག་ཆ་ཞིག་ཏུ་བེད་སྤྱད་ལོག་པར་བཏང་སྟེ། ཁེ་ཕན་ལེན་པ་ལྟ་བུའི་གནས་ཚུལ་སྤྱི་ཚོགས་ཀྱི་རིམ་པ་གོང་འོག་བར་གསུམ་ཚང་མར་འབྱུང་བཞིན་ཡོད་ལ། ལྷག་པར་ཚོང་ལས་དང་ཆབ་སྲིད་ཀྱི་ཁྲོད་དུ་སྣང་ཚུལ་འདི་ཧ་ཅང་མང་པོ་འབྱུང་བཞིན་ཡོད། ཡར་རྒྱས་ཀྱི་གོ་དོན་ནི། བྱ་དངོས་ཡོད་ཚད་སྟབས་བདེ་རུ་གཏོང་རྒྱུ་དེ་ཡིན་པ་ལས། མིའི་འདོད་རྔམ་བེད་སྤྱོད་ཀྱིས་ཐོན་རྫས་གསར་བཟོའི་མགྱོགས་ཚད་མྱུར་དུ་རྣམ་གྲངས་མང་དུ་གཏོང་རྒྱུ་དམིགས་ཡུལ་དུ་འཛིན་མི་འོས། འདིའི་རྐྱེན་པས་ཐོན་རྫས་ཀྱི་རྒྱུ་ཆ་འཚོལ་ཕྱིར་ཁོར་ཡུག་ལ་གཏོར་སྐྱོན་ཚད་ལས་བརྒལ་བ་གཏོང་བཞིན་པ་དང་། ཡང་འདིའི་རྐྱེན་པས་མིའི་དགའ་སྡུག་གི་ཚོར་བ་སྐྱེན་པོ་ཆགས་པའི་ཕྱོགས་སུ་སྐུལ་འདེད་གཏོང་ཞིང་། ཕན་ཚུན་འགྲན་རྩོད་ཕྲག་དོག་གི་དུག་མཚོའི་ནང་དུ་རང་བཞིན་གྱིས་མཆོངས་བཞིན་ཡོད། དེའི་མཇུག་འབྲས་སུ་སྐྱོ་ཤས་དང་སེམས་ལ་ཞུམ་པ་འབྱུང་ཞིང་། ཉོབ་སྣང་དང་། སུན་སྣང་སྐྱེས་ཏེ་ཐ་ན་མི་ཚེ་ལ་སྙིང་པོ་མེད་པ་ལྟ་བུ་ཞིག་ཚོར་ཏེ་སེམས་ཀྱི་བདེ་སྐྱིད་རྩ་བརླག་ཏུ་འགྲོ་བར་ངེས། དཔེར་ན། གྲོགས་པོ་ཞེས་པ་འདིས་ང་ཚོ་རེ་རེའི་མི་ཚེའི་ནང་གོ་གནས་ངེས་ཅན་ཞིག་བཟུང་ཡོད་ལ། དེ་ཡང་ཡིད་ཆེས་བྱ་སའི་མི་ཞིག་ཡིན་དགོས་པའི་ཆ་རྐྱེན་འོག་ནས་བསམ་ན། ཁྱེད་ཉིད་མི་ངོ་མ་ཞིག་ཡིན་ན། གྲོགས་པོ་ཉུང་ངུ་ཞིག་ལས་མེད་ལ། དེ་དག་ནི་ཁྱེད་ཀྱི་སེམས་ནས་དང་ལེན་བྱས་ཟིན་པ་ཡིན། སྐྱེ་བོ་རྒན་དར་གཞོན་གསུམ་སུ་ཞིག་དང་འཕྲད་ཀྱང་རུང་། རྣམ་འགྱུར་ཡག་ཉེས་གང་ཞིག་བསྟན་ཀྱང་དེ་ལ་བཟང་ལན་འཇལ་རྒྱུ་གཙོ་བོ་དང་། དེ་མ་བྱུང་ན་བཏང་སྙོམས་དང་། ཐ་ན་མི་འདོད་པའི་རྣམ་འགྱུར་ཞིག་སློག་དགོས་བྱུང་ཡང་ལྷག་བསམ་ཟོལ་མེད་ཀྱི་ངང་ནས་བྱེད་དགོས་པ་དེ་རྩ་དོན་ཡིན། མདོར་ན། འགྱོད་པ་མེད་པ་ཞིག་བྱ་དགོས། འཆམ་པོ་ཡོད་སའི་མི་ནི་བརྒྱ་ཡོད་ཀྱང་ཉུངས་ལ། འཆམ་པོ་མེད་སའི་མི་གཅིག་ཡོད་ཀྱང་མངས་སོང་བར་བལྟ་དགོས། ཀུན་ལ་འཆམ་མཐུན་བྱ་རྒྱུ་ནི་ལས་རིགས་དང་སློབ་སྦྱོང་། སྤྱི་ཚོགས་གང་ཐད་ནས་ཧ་ཅང་གལ་ཆེན་ཡིན། གཞན་གྱིས་ཚུར་རང་ཉིད་ལ་བྱམས་བརྩེ་སྤྲོད་རྒྱུ་ནི་ང་ཚོའི་ལུས་སེམས་གཉིས་ཀའི་བདེ་ཐང་དང་འབྲེལ་བའི་གལ་ཆེན་ཡིན་པ་གཞིར་བྱས། དེ་ལས་ཀྱང་གལ་ཆེ་བ་ནི། ང་ཚོས་ཕར་གཞན་དག་ལ་བརྩེ་བ་སྤྲོད་དགོས་པ་རེད། འདི་ནི་བདེ་སྐྱིད་ཀྱི་གཞི་མ་དངོས་དེ་ཡིན། གཞན་ལ་བརྩེ་བ་བྱེད་པ་ནི། རང་དོན་ཁོ་ན་གཙིགས་འཛིན་གྱི་བློ་དེ་ཉིད་ལ་རྒྱབ་ཀྱིས་ཕྱོགས་པའི་ཚུལ་ཞིག་དང་། རང་དོན་གཙོ་འཛིན་ལས་རིང་དུ་གྱེས་ཐུབ་ཚེ། གུ་ཡངས་པོ་ཞིག་ཆགས་ཐུབ་པ་དང་། གུ་ཡངས་པོ་བྱས་པ་ལས་རང་དོན་ལ་ཚོར་བ་རྣོན་པོ་བྱེད་པའི་ཚུལ་དེ་མེད་པར་བཟོ་ཐུབ། རང་དོན་ལ་ཅི་ཙམ་གྱིས་ཚོར་བ་རྣོན་པོ་མ་བྱས་ཚེ་བདེ་ཚོར་དང་བདེ་འཇགས་ཀྱི་ཚོར་བ་ཤུགས་ཆེ་རུ་འགྲོ་ཐུབ།

དེ་ཡང་སྙིང་རྗེ་ལ་ལྷན་སྐྱེས་དང་བློ་སྦྱོང་གི་སྙིང་རྗེ་གཉིས་ལས། དང་པོ་ནི། སུ་ཞིག་གིས་ཀྱང་མ་བསླབས་པར་རང་བཞིན་གྱིས་ཡོད་པ་ཞིག་དང་། དེ་ནི་མ་ཡིས་བུ་ལ་བརྩེ་བ་ལྟ་བུ་ཡིན་ལ། གཉིས་པ་ནི། དེ་ལྟ་བུའི་ལྷན་སྐྱེས་ཀྱི་ཆ་དེ་ཉིད་གཞི་ལ་བཞག་ནས་རང་དང་འབྲེལ་ཡོད། དཔེར་ན། གྲོགས་པོ་དང་མི་རིགས་གཅིག་པ། སྐད་ཡིག་གཅིག་པ། རྒྱལ་ཁབ་གཅིག་པ་སོགས་རྒྱུ་མཚན་དུ་བྱས་ནས་གཞན་ལ་བརྩེ་བ་སྤྲོད་པའི་རིམ་པ་དེ་ཡོང་གི་ཡོད་ཅིང་། བརྩེ་བའི་རིམ་པ་འདི་ཞེན་ཆགས་ཀྱི་རིམ་པ་ལས་མ་འདས་ཤིང་། དེའི་སྐྱེད་འབྲས་ནི། ཁྱོད་དང་ང་། ང་ཚོ་དང་ཁྱོད་ཚོ་ཞེས་ཕྱོགས་ཞེན་གྱི་བློ་སྣ་དྲངས་འོང་བ་ཞིག་ཡིན་ལ། དེས་ང་ཚོ་དང་ཁྱོད་ཚོ་ཞེས་དབྱེན་སྦྱོར་མང་བ་དང་། ང་ཚོས་བརྩེ་བ་དང་སེམས་ཁུར་གང་འདྲ་བྱའམ། ཡང་བྱ་དང་མི་བྱ་དེ་གཞན་དེ་དང་རང་དབར་གྱི་འབྲེལ་ལམ་དང་། ཡང་ན་གཞན་གྱིས་རང་ལ་རྣམ་འགྱུར་གང་འདྲ་ཞིག་འཛིན་མིན་ལ་ཐུག་འགྲོ་བ། མདོར་ན། བརྩེ་བ་ཆ་རྐྱེན་ཅན་ཞིག་ཏུ་འགྱུར་འགྲོ་བས་བརྩེ་བ་ཡིད་བརྟན་མི་རུང་བ་ཞིག་ཡིན།

སྙིང་རྗེའི་རིམ་པ་གཉིས་པ་ནི། མི་ཡིན་པ་རྒྱུ་མཚན་དུ་བྱེད་པའམ་རང་དང་གཅིག་མཚུངས་སུ་ལྟ་བའི་བློས་དྲངས་པའི་བརྩེ་བའི་ཁྱད་ཆོས། བརྩེ་བ་དེ་གང་ཟག་རྒྱུ་མཚན་དུ་བྱེད་པ་ལས་བྱ་བ་རྒྱུ་མཚན་དུ་བྱེད་པ་མ་ཡིན་པ། རང་དོན་དངོས་དེ་ཞོར་ལ་འགྲུབ་པ། བརྩེ་བ་ཧ་ཅང་བརྟན་པོ་ཡིན་པ་བཅས་ཁྱད་ཆོས་མང་པོ་ཡོད།

༡༦ སྙིང་རྗེ་དང་དྲང་བདེན་དབར་གྱི་རྩོད་སྤོང་།

སྙིང་རྗེའི་ཤེས་ཡོན་ལ་ལྡོག་ཕྱོགས་ཀྱི་ལྟ་ཚུལ་ནི། སྙིང་རྗེའི་རྐྱེན་པས་ཉེས་ཅན་གུ་ཡངས་སུ་བཏང་བས་རྒྱལ་ཁ་རྟག་ཏུ་རྩུབ་སྤྱོད་ཅན་དང་དབང་ཤུགས་ཅན་གྱིས་འཁྱེར་འགྲོ་བ་དང་། གྱོང་གུན་རྟག་ཏུ་སྙིང་རྗེ་སྒོམ་མཁན་ལ་རག་འགྲོ་བས། དེ་ནི་ཁྲིམས་མེད་ལུགས་མེད་ཅིག་ཏུ་འདོད་མཁན་ཡང་ཡོད། དེ་ལ་ཁོང་གིས་འདི་ལྟར་གསུངས་ཡོད། སྙིང་རྗེ་ནི་སྡར་མའི་ལམ་ཁ་ཞིག་མ་ཡིན་པར་སྙིང་སྟོབས་དང་བློ་སྟོབས་དང་བློ་སྤོབས་ཡོད་པའི་རྟགས་མཚན་ཞིག་ཡིན་པ་དང་། འདྲ་མཉམ་དང་དྲང་བདེན་མ་ཡིན་པའི་མདུན་ནས་ལངས་ཐུབ་དགོས་པ་དང་། དེའང་འཚེ་བ་མེད་པ་ཁོ་ན་ལག་ལེན་དུ་བྱས་ནས་རྒོལ་དགོས་པར་གསུངས་ཡོད། རང་ལ་བདེན་པ་ཡོད་ཚེ་ནམ་ཡང་སེམས་ལྷོད་ལ་བབ་ནས་ཁེ་དབང་བརྩད་ཆོག་ལ། བདེན་པ་རང་ཕྱོགས་སུ་མེད་ཚེ་གཞི་ནས་ཁོང་ཁྲོ་དང་དྲག་སྤྱོད་ཀྱི་དབང་དུ་འགྲོ་བཞིན་ཡོད། དེར་བརྟེན་སྙིང་རྗེ་ནི་ངན་པ་རྒྱ་ཡན་དུ་གཏོང་བའི་ལམ་ཀ་ཞིག་མ་ཡིན་པར་དེར་སེམས་ལྷོད་ལ་བབ་ནས་འཚེ་བ་མེད་པའི་རྒོལ་ལན་སློག་དགོས་པར་གསུངས་ཡོད། ཉེས་ཆད་གཅོད་པ་ནི་དགོས་ངེས་ཤིག་ཡིན་པ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞེད་ཀྱི་ཡོད། དེའི་ཐད་ཁོང་གིས་འདི་ལྟར་གསུངས་ཏེ། ཉེས་ཆད་གཅོད་པའི་དགོས་དམིགས་དེ་ཉེས་ཅན་དེར་འཁོན་ལན་སློག་པའི་ཆེད་ཡིན་ནམ། ཡང་ན། ནག་ཉེས་མུ་མཐུད་དུ་གསོག་རྒྱུ་བཀག་འགོག་བྱ་ཆེད་ཡིན། ཉེས་ཆད་ཀྱི་དགོས་དམིགས་དེ་འཁོན་ལན་སློག་ཆེད་ཡིན་ཚེ། ཉེས་ཆད་དེ་ལ་བརྟེན་ནས་རྙོག་གྲ་གསར་པ་ཞིག་དང་འཁོན་སེམས་གསར་པ་ཞིག་གིས་བོན་བཏབ་པ་ལས་གཞན་ཅིའང་མེད་ལ། དེ་ནི་གདོད་མའི་སྤྱོད་ཚུལ་ཞིག་ཀྱང་ཡིན། ཉེས་ཆད་གཅོད་རྒྱུ་དེ་ནག་ཉེས་སླར་མི་གསོག་པའི་ཆེད་ཙམ་མ་ཡིན་པར། ཉེས་ཅན་དེ་བཟང་ཕྱོགས་སུ་འགྲོ་རྒྱུ་དམིགས་འབེན་དུ་འཛིན་དགོས། ཉེས་ཅན་དེས་སྔ་འགྱོད་ཕྱི་སྡོམ་བྱེད་ཐུབ་པ་ཞིག་བཟོ་དགོས་པ་དང་། དེ་ཡི་ཐབས་ཤེས་ནི་ཉེས་ཅན་པ་དེ་དང་དེའི་བསགས་པའི་ཉེས་པ་གཉིས་དབྱེ་བ་འབྱེད་དགོས་པ་ནི་གལ་ཆེན་དུ་བཟུང་ནས། ཉེས་ཅན་པ་དེ་ནི་རང་དང་འདྲ་བར་མི་ཞིག་ཡིན་པ་དང་མི་སུ་ཞིག་ཡིན་ནའང་རང་གི་བསམ་སྤྱོད་ལ་བཅོས་སྒྱུར་གཏོང་རྒྱུའི་ནུས་པ་ཡོད་པ་ངོས་འཛིན་ཟབ་མོ་ཡོད་དགོས་པར་གདམས་ཡོད། ཉེས་ཆད་གཅོད་པའི་དམིགས་ཡུལ་ནི། ཉེས་པ་སྔོན་འགོག་ཙམ་གྱི་ཆེད་མ་ཡིན་པར། བསམ་སྤྱོད་བཟང་ཕྱོགས་སུ་སྒྱུར་བའི་ཆེད་ཡིན། རྒྱུ་མཚན་ནི། ཉེས་ཅན་པ་དེ་རང་དང་འདྲ་བས་ན་བརྩེ་བའི་ཡུལ་ཡིན་པ། ཉེས་ཅན་པ་དེ་མི་ཞིག་ཡིན་པའི་ངོས་ནས་བཅོས་སྒྱུར་གཏོང་བའི་ནུས་པ་ཡོད་པ་གཅིག་མཚུངས་ཡིན་པ་བསམ་དགོས།

ལས་ཀ་ག་རེ་བྱས་ཀྱང་ཀུན་སློང་གི་ཐོག་ནས་དབྱེ་འབྱེད་བྱ་རྒྱུ་གལ་ཆེན་ཡིན་སྐོར་ཁོང་གིས་གསུངས་དོན། ཉེ་འབྲེལ་ཞིག་དང་ཁ་རྩོད་ཤོར་བའི་གནས་སྟངས་ནང་ང་ཚོ་ལྷུང་བར་མཚོན་ན། འདི་ལ་གདོང་ལེན་ཇི་ལྟར་བྱེད་མིན་ང་ཚོའི་ཀུན་སློང་ལ་གཙོ་བོ་རག་ལས་ཡོད། ཐ་ན་ཕ་རོལ་པོ་ལ་དུང་སེམས་ཆེན་པོ་ཞིག་བཅངས་ཡོད་ཀྱང༌། ང་ཚོའི་བློ་ཅི་ཙམ་མ་ཞི་བ་དེ་ཙམ་གྱིས་ང་ཚོས་ཕར་ལ་ཁ་རྡུང་གཏོང་བར་མ་ཟད། ཕྱིས་སུ་འགྱོད་པ་སྐྱེ་དགོས་པའི་བྱ་བའང་བྱེད་སྲིད།

ད་དུང་གོམ་པ་སྤོ་བཞིན་མི་ཞིག་ལ་གདོང་ཐུག་བྱས་པ་དང༌། མི་དེས་རང་ལ་སྐད་ལོག་བརྒྱབ་པའི་གནས་སྟངས་ལྟ་བུར་མཚོན་ན། ང་ཚོའི་ཡིད་ཞི་ཞིང་བློ་ལ་སྙིང་རྗེ་ལྡན་པ་དང་ཀུན་སློང་གཙང་མ་ཞིག་ཡོད་ཚེ། ང་ཚོས་མི་དེར་ཕར་རྒོལ་བྱེད་ཀྱི་མ་རེད་མོད། མི་དགེ་བའི་མྱོང་ཚོར་གྱི་ཤུགས་རྐྱེན་འོག་ཏུ་ཡོད་ན། ང་ཚོས་ཕར་རྒོལ་བྱེད་ངེས་རེད། ང་ཚོའི་བྱ་སྤྱོད་ཀྱི་ཀུན་སློང་དགེ་བ་ཡིན་སྐབས། བྱ་སྤྱོད་དེས་གཞན་གྱི་བདེ་བར་རང་ཤུགས་ཀྱིས་ཕན་ཐོགས་པ་དང༌། འདི་ལྟར་ང་ཚོའི་བྱ་སྤྱོད་དེ་ནི་རང་བཞིན་གྱིས་བཟང་སྤྱོད་ཅིག་ཡིན། ད་དུང་ང་ཚོ་སྤྱོད་པ་འདིའི་རིགས་ལ་གོམས་འདྲིས་ཆེ་ན། ཕྱིའི་དཀྲོག་རྐྱེན་བྱུང་ཡང་ང་ཚོའི་བློ་ནི་དེའི་དབང་ཤུགས་ཀྱི་འོག་ཏུ་འཚུད་མི་དགོས་ཏེ། ཐ་ན་ང་ཚོ་ཁོང་ཁྲོ་ལངས་ནས་ཁ་རྡུང་བྱས་ཀྱང༌། སྡང་སེམས་དང་འཁོན་སེམས་སོགས་རང་གི་སེམས་གཏིང་དུ་མེད། ཆོས་དང་བླང་དོར་གྱི་དགོས་དམིགས་ནི། མི་སྒེར་སོ་སོའི་ཀུན་སློང་སྦྱངས་ནས་གཙང་མར་བསྒྱུར་རྒྱུ་འདི་ཡིན་ཞིང༌། འདི་ལྟར་ང་ཚོ་ནི་མི་ཇེ་བཟང་ཞིག་ཏུ་འགྱུར་ཆོག ཅེས་གསུངས་ཡོད།

༡༧ གཞན་ལ་དྲང་ཕྱོགས་ནས་ལྟ་བའི་བཟང་སྤྱོད།

ཚང་མ་མི་ཡིན་པ་གཅིག་མཚུངས་སུ་ལྟ་བའི་བསམ་བློ་འདི་ཧ་ཅང་གལ་ཆེན་ཞིག་ཡིན། ཕྱོགས་གཅིག་ནས་རང་གཞན་སུ་ཡིན་ཀྱང་སྐྱོན་ཡོན་གཉིས་ཀའི་ཕུང་པོ་ཞིག་ཡིན་པ་གསལ་པོར་ངོས་འཛིན་ཐོབ་ན། དཔའ་ཞུམ་པ་དང་གཉའ་ཆག་དགོས་པའི་རྒྱུ་མཚན་མི་རྙེད་ཅིང་། ཕྱོགས་གཞན་ཞིག་ནས་བློ་སྟོབས་དང་བསམ་ཤེས་ཀྱི་ཚོར་བ་བསྐྱེད་ཐུབ། གཞན་ལ་དྲང་ཕྱོགས་ནས་ལྟ་བ་དང་། སྙིང་རྗེའི་ངང་ལྟ་བ་ནི། འབྲེལ་བའི་ཁྲོད་དུ་ཐབས་མཆོག་ཏུ་གྱུར་པ་ཞིག་ཡིན་པ་དང་། རྣམ་རྟོག་གིས་བསྐྲུན་པའི་དགོས་མེད་ཀྱི་འཇིགས་སྣང་དང་དངངས་འཚབ། དོགས་འདྲོགས་སོགས་རྩ་བ་ནས་འགག་པར་བྱེད་ཅིང་། ནམ་ཡང་བཟང་ཕྱོགས་འཚོལ་རྒྱུ་ནི་གསེར་གྱི་གཏེར་ཁ་འདོན་པ་བཞིན་རང་གི་ལེགས་ཚོགས་ཀྱི་སྒོ་མོ་འབྱེད་པ་དང་ཆ་འདྲ། ལྡོག་ཕྱོགས་ནས་བལྟས་ན་གཞན་གྱི་ལྡོག་ཕྱོགས་རྐྱང་བ་ལས་མི་མཐོང་ཁར། རང་ཡང་ལྡོག་ཕྱོགས་ཀྱི་མི་ཞིག་ཏུ་འགྱུར་འགྲོ་བ་དང་། དེའི་མཇུག་འབྲས་ནི་སྤྱི་ཚོགས་ཀྱིས་ཁྱེད་ཉིད་ཟུར་དུ་ཕུད་རྒྱུ་དེའོ། །

ཡང་དཔེར་ན། བརྩེ་དུང་ལྟ་བུ་ལ་མཚོན་ན། གཞི་འཇོག་ས་གསུམ་སྟེ། ༡ རྒྱུ་ནོར་དང་གོ་ས་སོགས་ཕྱིའི་རྣམ་པ་གཙོར་བཟུང་གིས་བྱུང་བ་ཞིག་དང་། ༢ འཆར་སྣང་དང་སྒྲོ་འདོགས་ཀྱི་སྟེང་ལ་གཞིར་བཞག་ནས་བྱུང་བ། ༣ མཉམ་སྤྱོད་དང་འབྲེལ་སེམས། སྙིང་རྗེ། ཕ་རོལ་པོའི་ཡོན་ཏན་མཐོང་བའི་གོ་རྟོགས་ཤིག་གི་སྟེང་ལ་གཞིར་བཞག་ཡོད་པ་རྣམས་ལས་ཕྱི་མ་གཙོར་བཟུང་བྱེད་དགོས་པར་གདམས་ཡོད། ཡང་མིའི་འབྲེལ་ལམ་གྱི་ཐོག་ནས་ཉེས་འཛོལ་འབྱུང་སྲིད་པ་ཞིག་ཡིན་པ་དང་། བརྒྱུད་རིམ་དེས་འགྱོད་སེམས་ཀྱང་འགོག་ཐབས་མེད་པ་ཞིག་ཡིན་ལ། འགྱོད་སེམས་དགོས་ངེས་ཤིག་ཀྱང་ཡིན། དེ་ཉིད་སྔར་ཉེས་ཕྱི་སྡོམ་ཁོ་ནའི་ཆེད་ཡིན་པ་ལས། རང་གིས་རང་ལ་དམའ་འབེབས་དང་དང་མནར་གཅོད་གཏོང་བའི་རྒྱུ་རུ་གཏན་ནས་འགྲོ་མི་འོས་ལ། དེ་ལྟར་ཕྱིན་ན་སྔར་གྱི་ཉེས་པ་དྲན་པ་ནི་མི་དགོས་པའི་ཁུར་པོ་ལྷག་མ་ཞིག་རྒྱབ་ཏུ་ལེན་པ་དང་ཡོངས་སུ་མཚུངས་སོ།།

མི་དང་མིའི་དབར་གྱི་འབྲེལ་བས་མཚོན་པས་སྣང་ཚུལ་མཐའ་དག་འགྱུར་ལྡོག་གི་ཁྲོད་དུ་གནས་པ་འདི་མཐུན་སྣང་གིས་ཁས་ལེན་དགོས་པའི་རང་བྱུང་གི་ཆོས་ཉིད་ཅིག་ཡིན་པ་དང་། ནང་པའི་གཞུང་དུ་དེ་ལ་སྡོམ་ཚིག་ཅིག་ཡོད་པ་ནི། འདུས་བྱས་ཐམས་ཅད་མི་རྟག་པ་ཅེས་གསུངས་པ་དེ་རེད། ཆོས་ཉིད་འདི་ང་ཚོའི་མི་ཚེའི་བྱེད་སྒོ་དང་ཆ་ཤས་ཀུན་ལ་ཁྱབ་ཡོད་པ་དང་། རྣམ་གཞག་དེ་ཤེས་ཚེ་ཐལ་དྲགས་པའི་ཚོར་བའི་རིགས་ལ་སྟངས་འཛིན་དང་ཆ་སྙོམས་ཡོང་བ་ལ་ཕན་རླབས་ཤིན་ཏུ་ཆེ། དེར་མ་ཟད་འབྲེལ་བའི་ཁྲོད་དུ་འགྱུར་ལྡོག་དེ་གཡོལ་ཐབས་མེད་པའི་ཆོས་ཉིད་ཙམ་དུ་མ་ཟད། ཐ་ན་ཕ་མ་བུ་ཕྲུག་དང་བཟའ་ཚང་དབར་གྱི་འབྲེལ་བ་ལའང་འགྱུར་ལྡོག་གི་རིམ་པ་ཞིག་བརྒྱུད་དགོས་དང་། དེ་ཉིད་ཕ་མ་བུ་ཕྲུག་སུ་ཡིས་ཀྱང་མྱོང་མི་འདོད་པའི་ཚོར་བ་ཞིག་ཡིན་ཡང་། དེ་ནི་རང་བྱུང་གི་སྣང་ཚུལ་ཞིག་གི་ཚུལ་གྱིས་ངོས་ལེན་བྱེད་ཐུབ་ན་དེ་ནི་བརྒྱུད་རིམ་སྤྱིར་བཏང་བ་ཞིག་ལས་མ་འདས། ཕྲུ་གུའི་གཟུགས་པོའི་འཚར་ལོངས་དང་ལྷན་དུ་སེམས་ཁམས་ལའང་འགྱུར་བ་ངེས་ཅན་ཞིག་འགྲོ་བ་ནི་ཆོས་ཉིད་ཡིན།

སེམས་ཁམས་ཀྱི་ནུས་པ་དེ་གཞན་ལ་བརྟེན་དགོས་པས། མི་ཚེའི་བརྒྱུད་རིམ་ནང་། ༡ ང་ལ་དམ་པོར་འཁྱུད་དང་ཞེས་པའི་རིམ་པ་ཞིག་དང་། ༢ དེ་ནས་ང་རང་ཐང་ལ་ཞོག་དང་། ཞེས་པ་དེ་བརྒྱུད་དགོས་ལ། སྐབས་དེར་སུ་ཞིག་ཡིན་ཡང་རང་གི་ངོ་བོ་དེ་འཚོལ་བའི་སྐབས་ཡིན། ༣ མཐར་ང་གཅིག་པུར་ཞོག་དང་ཞེས་པའི་རིམ་པ་དེ་བརྒྱུད་ངེས་ཡིན་ལ། འདི་ནི་མི་ཞིག་གི་རེས་མོས་ཀྱིས་མི་ཚེའི་ནང་འཁོར་ངེས་ཡིན།

ཕྱིར་གོང་དུ་ལོག