website templates free download

Table

དགོངས་ཡངས་ཀྱི་བཟོད་བསྲན།
Forgiveness To Others

ཚེར་མ་ཅན་གྱི་དངོས་པོ་རྣམས་ལག་པས་ཇི་ཙམ་དམ་པོར་བཟུང་བ་དེ་ཙམ་གྱིས་རང་ཉིད་ཟུག་གཟེར་གྱིས་མནར་བ་དང་། དེ་ལྟ་བུའི་ཟུག་གཟེར་འགོག་པའི་ཐབས་ལེགས་ཤོས་ནི་ཚེར་མ་ཅན་གྱི་དངོས་པོ་དེ་ལས་གཡོལ་ཐབས་བྱ་རྒྱུ་དེ་ཡིན་པ་ལྟར། ཞེ་སྡང་ལ་ཇི་ཙམ་དང་དོད་བྱས་པ་དེ་ཙམ་གྱིས་སོ་སོ་ལ་གནོད་པ་མང་བ་ཡོང་བར་བརྟེན། ལག་ལེན་ཡག་ཤོས་ནི་བཟོད་བསྲན་བྱེད་རྒྱུ་དེ་ཡིན།
The tighter you hold onto sweet gum balls of other thorny objects, the more pain they will inflict.
The wisest way to avoid such pain is to let go of the thorny object.
The more strongly we hold on resentment, the more harm one will inflict on oneself.
The wise course of action is let of one’s anger.

༥། དགོངས་ཡངས་ཀྱི་བཟོད་བསྲན།

སྒྲུང་།

གྲོགས་པོ་གཉིས།

བཀྲ་ཤིས་དང་དོན་གྲུབ་ཟེར་བའི་གྲོགས་པོ་གཉིས་ཡོད། ཁོ་གཉིས་བྱེ་ཐང་དུ་འགྲུལ་བཞུད་བྱེད་སྐབས་ཁ་རྩོད་ཤོར་ཏེ་བཀྲ་ཤིས་ཀྱིས་དོན་གྲུབ་ལ་འགྲམ་ལྕག་གཞུས། དོན་གྲུབ་ན་ཟུག་མི་བཟོད་ཀྱང་བྱེ་མའི་ངོས་ལ། “བཀྲ་ཤིས་ཀྱིས་ང་ལ་འགྲམ་ལྕག་གཞུས་སོང་།” ཞེས་བྲིས། དེ་ནས་ཁོ་གཉིས་བྱེ་ཐང་གི་མཐའ་མ་བུད་བར་དུ་མུ་མཐུད་ནས་གོམ་བགྲོད་བྱས། བྱེ་ཐང་གི་མཐའ་དེར་ཆུ་རྫིང་ཞིག་ཡོད་པ་དེར་ཁོ་གཉིས་ཆུ་རྐྱལ་པ་རེད།

སྟབས་མི་ལེགས་པ་ཞིག་ལ་དོན་གྲུབ་གློ་བུར་དུ་འདམ་རྙོག་ནང་ལྷུང་། བཀྲ་ཤིས་ཀྱིས་དེ་མཐོང་མ་ཐག་སྲོག་བསྐྱབས་རྗེས། དོན་གྲུབ་ཀྱིས་རྡོའི་ངོས་སུ༑ “བཀྲ་ཤིས་ཀྱིས་ངའི་སྲོག་བསྐྱབས་སོང་།” ཞེས་བརྐོས། བཀྲ་ཤིས་ཀྱིས་དོན་གྲུབ་ལ། “དེ་ལྟར་བྱེད་དོན་ཅི་ཡིན།” ཞེས་སྐད་ཆ་དྲིས་པས། དོན་གྲུབ་ཀྱིས། “གྲོགས་པོ་སུ་ཞིག་ཡིན་རུང་རང་ཉིད་ལ་དཀའ་ངལ་སྤྲད་ཚེ་བྱེ་མའི་ངོས་སུ་བྲིས་པ་བཞིན་དགོངས་ཡངས་བྱེད་དགོས། གལ་སྲིད་མི་སུ་འདྲ་ཞིག་གིས་རང་ཉིད་ལ་ཕན་ཐོགས་སམ་རོགས་རམ་བྱས་ན་རྡོ་ངོས་སུ་བརྐོས་པ་བཞིན་ནམ་ཡང་བརྗེད་མི་རུང་།” ཞེས་བཤད།

གོ་དོན།

གཞན་གྱིས་རང་ཉིད་ལ་གནོད་པ་བྱེད་སྐབས་གནོད་ལན་མི་བྱེད་པར་རང་རྒྱུད་ཀྱི་ཁོང་ཁྲོ་བཀག་ནས་བློ་རྒྱ་བསྐྱེད་པའི་གུ་ཡངས་པའི་བསམ་བློ།

དཔེ་མཚོན།

མེ་སྐྱོན་གྱི་དཀའ་ངལ་མེས་སེལ་མི་ནུས་པར་ཆུ་དགོས་པ་ལྟར། ཁོང་ཁྲོ་ལ་བརྟེན་ནས་བྱུང་བའི་དཀའ་ངལ་ཁོང་ཁྲོས་སེལ་མི་ཐུབ་པར་བཟོད་པ་བསྟེན་དགོས་སོ། །

༧གོང་ས་མཆོག་གིས།

མ་རིག་པ་ལས་བྱུང་བའི་འདས་པའི་བྱ་སྤྱོད་རྣམས་ངོས་བཟུང་སྟེ། དེ་དག་གུ་ཡངས་སུ་གཏོང་ཐུབ་པའི་བློ་སྤོབས་ཡོད་ཚེ། ད་ལྟ་ང་ཚོ་ལ་འཕྲད་བཞིན་པའི་དཀའ་ངལ་འདི་དག་སེལ་ཐུབ་པའི་སེམས་ཀྱི་ནུས་སྟོབས་ཤིག་སྐྱེ་ངེས་ཡིན།
སྙིང་རྗེ་དང་བཟོད་པ་ནི་ནུས་སྟོབས་ཞན་པའི་རྟགས་མ་ཡིན་པར། དེ་ནི་ནང་སེམས་ཀྱི་ནུས་སྟོབས་མཚོན་པའི་རྟགས་ཤིག་ཡིན།

བསམ་བློའི་སྦྱོང་བརྡར།

    བྱམས་བརྩེ་ཉམས་སུ་ལེན་པའི་བརྒྱུད་རིམ་ནང་། དཀའ་ངལ་མང་པོ་ཞིག་འཕྲད་དུས་དཀའ་ངལ་དང་ལེན་གྱི་བཟོད་བསྲན་ཞིག་མེད་ན། ཁོང་ཁྲོའི་དབང་དུ་སོང་ནས། བྱམས་སྙིང་རྗེ་ཉམས་སུ་ལེན་མི་ཐུབ་པ་ནི་དངོས་ཡོད་ཡིན།
  1. མདའ་ལེན་འབེན་འཛུགས་ཀྱི་ཚུལ་དུ་བཟོད་པ་སྒོམ་ཚུལ་ནི། རང་ལ་གཞན་གྱིས་གནོད་པ་བྱེད་དུས་རང་ལ་སྐྱོན་མེད་ན་གཞན་གྱིས་གནོད་པ་མི་བྱེད་པས། རང་སྐྱོན་ངོས་འཛིན་བྱས་ཏེ་དགོངས་ཡངས་བཟོད་བསྲན་བྱེད་དགོས། དཔེར་ན། འབེན་འཛུགས་མཁན་མེད་ན་འདའ་མི་འཕེན་པ་ལྟར། རང་ཉིད་ལ་སྐྱོན་ཞིག་མེད་ན་གཞན་གྱིས་གནོད་པ་བྱེད་མི་སྲིད་པ་ཡིན།
  2. བྱམས་སྙིང་རྗེའི་ཚུལ་གྱིས་བཟོད་པ་སྒོམ་ཚུལ་ནི། གཞན་གྱིས་རང་ལ་གནོད་པ་བྱེད་དུས། ཕ་རོལ་པོ་དེ་ཁོང་ཁྲོའི་གཞན་དབང་དུ་གྱུར་ནས་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་ཀྱི་ནུས་པ་ཉམས་ནས་སྨྱོ་བ་ལྟར་གྱུར་འདུག་པས། སྙིང་རྗེ་བསམ་པར་བྱའོ། །དཔེར་ན། སྨྱོན་པ་ལ་རྩོད་པ་མི་བྱེད་པར་སྙིང་རྗེ་བསྒོམས་པ་བཞིན་ནོ། །
  3. དགེ་རྒན་དང་དགེ་ཕྲུག་ཚུལ་གྱིས་བཟོད་པ་སྒོམ་ཚུལ་ནི། རང་ལ་གནོད་པ་སྐྱེལ་མཁན་གྱི་མི་དེ་བཟོད་པའི་ཉམས་ལེན་སྦྱིན་མཁན་གྱི་དགེ་རྒན་ངོ་མ་དེ་ཡིན་པས། བཀའ་དྲིན་ཤིན་ཏུ་ཆེ་བ་ཡིན་བསམས་ཏེ་བསྒོམ། དཔེར་ན། དགེ་ཕྲུག་ལ་དགེ་རྒན་བཀའ་དྲིན་ཆེན་པོ་ཡིན་པ་བཞིན་བཟོད་པ་སྒོམ་ཡུལ་ནི་གནོད་པ་བྱེད་མཁན་དེ་ཡིན་ནོ། །

ཉིན་རེའི་ལག་ལེན།

ཉིན་རེའི་འཚོ་བའི་ནང་བཟོད་བསྲན་དཀའ་བའི་གནད་དོན་ཅི་འདྲ་ཞིག་འཕྲད་ཀྱང་། བཟོད་པ་སྒོམ་ཚུལ་གསུམ་པོ་གང་རུང་ལ་བསམ་བློ་གཏོང་མ་ཐུབ་ཚེ། སོ་སོར་རེ་ཐག་ཆད་པ་དང་། རང་གིས་རང་ལ་སྟངས་འཛིན་བྱེད་མ་ཐུབ་པ་སོགས་ཀྱི་དཀའ་སྡུག་འཕར་མ་འབྱུང་རྒྱུ་ལས་མ་འདས་པས། རང་ནུས་གང་ཡོད་ཀྱིས་དགོངས་ཡངས་ཀྱི་བཟོད་བསྲན་བསྟེན་དགོས།

བྱེད་སྒོ།

རི་ཅཌ་མུར་གྱི་ལོ་རྒྱུས་ཀྱི་སྒྲུང་བཤད་དེ་གོ་བསྡུར་བྱེད་འཇུག་རྒྱུ།

རང་ཉིད་ལོང་བ་བཟོ་མཁན་ལ་དགོངས་ཡངས་སྤྲོད་མཁན་གྱི་དཔའ་བོ་རི་ཅཌ་མུར།

༄༅། །ཕྱི་ལོ་ ༡༩༧༢ ལོར་ཨཻར་ལེནྜ་གྱི་ཌེ་རཱི་ཟེར་བའི་ས་གནས་ཤིག་གི་སློབ་ཆུང་དུ་འགྲིམ་བཞིན་པའི་རང་ལོ་བཅུ་ལོན་པའི་སློབ་ཕྲུག་རི་ཅཌ་མུར་སློབ་གྲྭ་གྲོལ་རྗེས་ནང་དུ་ལོག་ཡོང་བའི་སྐབས། ཨིན་ཇིའི་དམག་མི་ཞིག་གིས་མེ་མདའ་འཕངས་པའི་མདེའུ་དེས་རི་ཅཌ་མུར་གྱི་མི་ཚེ་གང་པོ་ལོང་བར་གྱུར་པ་རེད། དེ་དུས་ལུང་པ་དེའི་ནང་དམག་འཁྲུག་གི་དཀའ་ངལ་མང་བའི་སྐབས་རེད། དོན་རྐྱེན་དེའི་ཟླ་ཤས་སྔོན་ལ་ཁོང་གི་ཨ་ཁུའང་དམག་མིས་བསད་ནས་ཁོང་གི་ཕྲུ་གུ་བརྒྱད་དང་སྦྲུམ་མ་ཡིན་པའི་བཟའ་ཟླ་ལུས་ཡོད་པས། ད་ལན་གྱི་དོན་རྐྱེན་དེས་ཁོ་པའི་ནང་མི་ཡོངས་ཀྱི་རྨ་ཁ་ལ་སི་པན་བྱུགས་པ་ལྟ་བུའི་ལུས་སེམས་ཀྱི་དཀའ་ངལ་ཧ་ཅང་ཆེ་རུ་བཏང་ཡོད་པ་རེད།

རརི་ཅཌ་མུར་རང་ཉིད་ཆུང་དུས་ནས་རྐང་རྩེད་སྤོ་ལོ་རྩེད་རྒྱུ་དང་རྐང་འཁོར་གཏོང་རྒྱུ་སོགས་ལ་ཧ་ཅང་དགའ་པོ་ཡོད་པས། ལོང་བ་ཆགས་པའི་རྗེས་སུ་ཡང་ཁོང་གི་གྲོགས་པོ་ཚོའི་སྐད་སྒྲ་ལ་ཉན་བཞིན་མུ་མཐུད་སྤོ་ལོ་རྩེ་ཞིང་རྐང་འཁོར་གཏོང་གི་ཡོད་པ་རེད། ཁོང་གི་མི་ཚེར་མིག་མེད་ནའང་མིག་ཡོད་པ་ལས་ལྷག་པ་བྱུང་བ་དེ་ཉིད་ཁོང་གི་ཕ་མ་དང་། ནང་མི། གྲོགས་པོ་གྲོགས་མོ། ཁྱིམ་མཚེས་སོགས་ཀྱི་རྒྱབ་སྐྱོར་ཐོབ་པ་ལས་བྱུང་བ་རེད། དེའི་སྒང་ལ་གལ་ཆེ་ཤོས་ནི། སོ་སོས་བྱེད་ཐུབ་བསམ་པའི་སེམས་ཤུགས་དང་དགོངས་ཡངས་སྤྲོད་རྒྱུའི་བསམ་བློ་དེའི་ཉེར་ལེན་ལ་བརྟེན་ནས་བྱུང་བ་རེད།

དེ་ནས་རིམ་པས་རི་ཅཌ་མུར་རོལ་དབྱངས་ལའང་དབྱིངས་ཞེ་དྲག་སླེབས་ནས་མཐར་སྒྲ་སྙན་མཁས་པ་ཞིག་ཀྱང་ཆགས་པ་རེད། ཁོ་རང་རོལ་དབྱངས་ཚོགས་པའི་ནང་འཛུལ་ཞུགས་བྱས་པ་ནས་བཟུང་ཁོ་རང་ལ་གདེང་ཚོད་ཆེན་པོ་སླེབས་པ་དང་། བརྒྱུད་རིམ་དེའི་ཁྲོད་ཁོ་རང་གི་རོགས་པ་གཞས་མ་གཅིག་དང་ཁ་ཐུག་ནས་ཁོ་གཉིས་ལ་བུ་མོ་གཉིས་བྱུང་བ་རེད།

རི་ཅཌ་མུར་གྱི་ཕ་མ་གཉིས་ཆོས་སེམས་ཆེ་ཞིང་། གཞན་ལ་ཚིག་ངན་གཅིག་ཀྱང་བཤད་པ་གོ་མྱོང་མེད། རི་ཅཌ་མུར་ལ་སོ་སོའི་ཕ་མས་མིག་དཔེ་བཟང་པོ་བསྟན་པ་བཞིན་རང་ཉིད་ནས་ཀྱང་སོ་སོར་གནོད་པ་སྐྱེལ་མཁན་ལ་གནོད་སེམས་སྐྱེ་རྒྱུ་ཕར་བཞག་ནས་ཚིག་རྩུབ་གཅིག་ཀྱང་བཤད་མྱོང་མེད།

ཕ་མའི་རྒྱབ་སྐྱོར་བཟང་པོ་ལ་བརྟེན་ནས་ཁོ་པས་སློབ་སྦྱོང་མུ་མཐུད་བྱས་པ་ཙམ་མ་ཟད། མཐོ་སློབ་ཐོན་རྗེས་ཁོང་གིས་སྒེར་གྱི་ཚོང་ལས་གཉེར་བ་དང་། དེ་དུས་སྤྱི་ཚོགས་ཀྱི་དཀའ་ངལ་དང་གནད་དོན་རིགས་ལ་དང་བླངས་ཀྱི་མཉམ་ཞུགས་བྱེད་མཁན་ཞིག་རེད། ཕྱིས་སུ་རིམ་པས་བསམ་བློར་འགྱུར་བ་ཆེན་པོ་ཕྱིན་ནས། རང་ལོ་ ༣༤ ལ་སླེབས་དུས་རང་ཉིད་ཀྱི་ཚོང་ལས་མཚམས་འཇོག་གིས་འཛམ་གླིང་གི་དམག་འཁྲུག་ཡོད་སའི་ས་ཁུལ་ཁག་གི་ཉམ་ཐག་ཕྲུ་གུ་ཚོའི་ཆེད་དུ་རོགས་སྐྱོར་ཚོགས་པ་ཞིག་བཙུགས་པ་དང་། ད་བར་ལོ་གྲངས་ ༢༢ རིང་དེའི་ཐོག་ཕྱག་ལས་གནང་མུས་ཡིན་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་པ་དེའི་གཙོ་མགོན་དུ་བསྐོས་ཡོད་པ་རེད།

ཕྱི་ལོ་ ༢༠༠༥ ལོར་རི་ཅཌ་མུར་གྱི་མི་ཚེའི་སྐོར་བརྙན་ཐུང་ཞིག་བཟོས་པའི་རྗེས་ལ། ཁོ་ལ་མེ་མདའ་རྒྱག་མཁན་ཨིན་ཇིའི་དམག་མི་དེ་ཅཱལྶ་ཞེས་པ་ཡིན་པ་ར་འཕྲོད། རི་ཅཌ་མུར་གྱིས་ཅཱལྶ་ལ་ཡི་གེ་ཞིག་བཏང་བ་དེར་ཡིག་ལན་འབྱོར་བས། ཕྱི་ལོ་ ༢༠༠༦ ལོར་ཁོ་རང་ཅཱལྶ་ཐུག་འཕྲད་དུ་ཕྱིན་པ་དང་། དེ་ནས་བཟུང་ཁོང་གཉིས་གྲོགས་པོ་ཡག་པོ་ཞིག་ཏུ་གྱུར་པ་རེད།

རི་ཅཌ་མུར་གྱིས། ཅཱལྶ་ཀྱིས་འཕངས་པའི་མེ་མདའི་མདེའུས་ང་ལོང་བ་བཟོས་པ་རེད། དེའི་དབང་གིས་ངས་ཁོ་རང་ལ་ཁོང་ཁྲོ་ལང་ནས་བསྡད་པ་ཡིན་ན། ང་རང་ལོང་བ་ཆགས་པའི་གྱོང་གུན་གྱི་སྒང་ལ་ཁོང་ཁྲོའི་མ་སྐྱིད་པ་ཡོང་བའི་གྱོང་གུན་ཉིས་རྩེག་ཡོང་གི་རེད་པ། དེ་བཞིན་ངའི་ཕ་མ་གཉིས་ཀྱང་ཁོང་ཁྲོ་རྩ་བ་ནས་ལངས་མ་སོང་། རྒྱུ་མཚན་དེ་འདྲ་ལ་བརྟེན་ནས་ངས་ཁོ་རང་ལ་ཁོང་ཁྲོ་ལངས་མ་སོང་། མེ་མདས་ང་ལོང་བ་བཟོས་ཀྱང་། ལོང་བའི་མི་ཚེ་དེས་ང་ས་ཆ་མང་པོར་འགྲོ་རྒྱུ་བྱུང་བ་མ་ཟད། ཉམས་མྱོང་ཧ་ཅང་མང་པོ་རག་སོང་། དེར་བརྟེན། ངས་ལོང་བ་ཆགས་པ་འདིའང་འཇིགས་སྣང་ཅན་ཞིག་རེད་ཅེས་ལབ་ཐུབ་ཀྱི་མི་འདུག གལ་ཏེ་ང་ལ་ད་ལྟ་གང་ཡོད་པ་ཚང་མ་ཕར་སྤྲད་ནས་སང་ཉིན་ངའི་མིག་མཐོང་རྒྱུ་ཡོད་པ་ཆགས་ཀྱི་རེད་ཟེར་ན། ང་ལ་དེ་དགོས་ཀྱི་མི་འདུག མིག་མཐོང་རྒྱུ་ཡོད་པ་དེ་ལས་ལྷག་པའི་གནད་དོན་མང་པོ་འདུག ཅེས་བཤད་པ་རེད། ད་དུང་ཁོང་གིས། ང་རང་ལོང་བ་ཆགས་པའི་རྐྱེན་གྱིས་ད་ལྟ་ང་རང་ག་འདྲ་ཡོད་པ་འདི་ཆགས་པ་རེད། ངས་དམག་མི་ཁོང་རང་ལ་དགོངས་ཡངས་སྤྲད་པ་ཡིན་ཡང་དེས་ངའི་མིག་གཉིས་ཚུར་རག་གི་མ་རེད། འོན་ཀྱང་གཞན་ལ་དགོངས་ཡངས་སྤྲོད་པ་དེས་མ་འོངས་པར་བཟང་ཕྱོགས་ཀྱི་འགྱུར་བ་ཏན་ཏན་ཡོང་གི་ཡོད། དེ་ངའི་མི་ཚེའི་ནང་དངོས་སུ་བྱུང་བ་ཞིག་རེད། ཅེས་གསུངས།

Back To Top


Showing entries (filtered from total entries)