website templates free download

Table

༄༅། །མི་ཚེའི་དོན་སྙིང་དང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད། །

(ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༩ ཉིན་ཏྱཱག་རཱཇ་(Thyagraj)ཚོགས་ཁང་ཆེན་པོའི་<<ནང་མི་ཚེའི་དོན་སྙིང་དང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་>>ཀྱི་བརྗོད་གཞིའི་ཐོག་མི་དམངས་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་བཀའ་དྲིན་སྩལ་བ།)

སང་ཉིན་ཁྱེད་རང་ཚོ་གསར་འབྱོར་རྣམས་ཁྱུག་ཙམ་ཐུག་རྒྱུ་ཡོང་གི་རེད། ཤེས་སོང་ངམ། དེ་རིང་ངོས་ནས་ཨིན་ཇི་དག་ལ་མ་དག་ཅིག་རྒྱག་གི་རེད། ཁྱེད་རང་ཚོའི་སེམས་ནང་། ཨོའོ། ༧རྒྱལ་བ་རིན་པོ་ཆེས་ཨིན་ཇི་ཡག་པོ་ཞེ་དྲག་རྒྱག་གི་འདུག་རྩ་བ་ནས་དྲན་རྒྱུ་མེད། ངོས་ཀྱི་ཨིན་ཇི་དེ་དག་ལ་མ་དག་རེད་མ་གཏོགས་སྤུས་ཁ་དག་པོ་ཡོད་མ་རེད། ཡིན་ནའང་ལན་འཁྱོལ་ཙམ་ཡོད་རེད།

གུས་ཞབས་ལྡན་པའི་བརྩེ་བའི་གཅེན་གཅུང་ཡོངས་ལ་ཞུ་རྒྱུར། དེ་རིང་ངོས་རང་འདི་གར་བཅར་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཚོགས་ཁང་འདིའི་ནང་གཞོན་སྐྱེས་ཧ་ཅང་མང་པོ་འཛོམས་འདུག ཁྱེད་རང་ཚོའི་རྣམ་འགྱུར་ནས་སེམས་གཏིང་གི་ཚོར་སྣང་དང་སྙིང་སྟོབས་ཕྱིར་མངོན་པ་མཐོང་བ་དང་། གྲུང་ཤ་དོད་པོ་དང་བརྩོན་སེམས་ཆེན་པོས་འདིར་ཕེབས་པར་ཡི་རང་བསྔགས་བརྗོད་ཞུ་རྒྱུ་ཡིན། གལ་སྲིད་ཁྱེད་རང་ཚོས་ངེད་ཅག་གི་འཛམ་གླིང་འདིར་འགྱུར་བ་ཞིག་འདོད་ན། བརྩོན་འགྲུས་དང་། ཆོད་སེམས། སྙིང་སྟོབས་བཅས་དགོས། ང་ཚོར་དཀའ་ངལ་ཧ་ཅང་མང་པོ་འཕྲད་ཀྱི་ཡོད། གལ་ཏེ་རང་ངོས་ནས་དཀའ་ངལ་དེ་རང་ལ་བལྟས་ནས་བསྡད་ན། སྐབས་རེར་སེམས་ཤུགས་ཆག་སྟེ། ཨོའོོ། ངས་གང་ཡང་བྱེད་མི་ཐུབ་ཅེས་པ་ལ་སོགས་པའི་ཚོར་བ་སྐྱེ་ཡི་ཡོད། འོན་ཏེ་ལྟ་སྟངས་རྒྱ་ཆེ་ས་ཞིག་ནས་བལྟས་ན། ང་ཚོར་འཕྲད་བཞིན་པའི་དཀའ་ངལ་མང་པོ་ཞིག་དོན་དངོས་སུ་ང་ཚོ་རང་གིས་བཟོས་པ་ཆགས་ཡོད། དེ་བསམ་བློ་བཏང་ནས་ཤེས་ཐུབ། རིག་པ་དང་བསྟུན་ནས་བསམ་བློ་བཏང་ན། མིས་བཟོས་པའི་དཀའ་ངལ་དེ་དག་ཉུང་དུ་དང་མཐར་མེད་པ་བཟོ་རྒྱུའི་ནུས་པ་ང་ཚོར་ལྡན་ཡོད། དེར་བརྟེན་ང་ཚོས་བརྩོན་སེམས་བསྐྱེད་དགོས། དཀའ་ངལ་ཇི་ཙམ་ཕྲད་ཀྱང་ངེས་པར་དུ་གཅིག་བྱེད་ཀྱི་ཡིན་སྙམ་པའི་སྙིང་སྟོབས་དགོས། དེར་བརྟེན་ཁྱེད་ཚོར་ཡི་རང་ཞུ་རྒྱུ་ཡིན། ཚོགས་བཅར་བ་ཚོའི་མཐོང་སྣང་དེ་ངོ་མཚར་ཅན་ཞིག་འདུག གཅིག་བྱས་ན་རྩིག་ཟུར་ལ་གཉིད་བྲོ་མཁན་ཁ་ཤས་ཡོད་ཀྱི་རེད། དེ་མིན་ཚང་མ་གྲུང་ཤ་དོད་པོ་ཞེ་དྲག་འདུག ཧ་ཅང་ཡག་པོ་རེད། ཐུགས་རྗེ་ཆེ།

དེ་ནས་དིལླཱི་བོད་ཁང་དང་སྨན་རྩིས་ཁང་གཉིས་ནས་དེ་རིང་གི་འདུ་འཛོམས་འདི་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁྱེད་རང་ཚོས་ལས་འཆར་འགའ་ཤས་བསྒྲིགས་པའང་གསར་འཕྲིན་འདིའི་ནང་བཀོད་འདུག་པས། ངོས་ནས་ཡི་རང་བསྔགས་བརྗོད་ཞུ་རྒྱུ་ཡིན། སྨན་རྩིས་ཁང་གིས་གསོ་བ་རིག་པའི་ཐོག་ནས་ང་ཚོའི་ལུས་པོར་ལྟ་རྟོག་བྱེད་པ་དང་། སྤྱིར་བཏང་སྨན་ཁང་ཚང་མས་དོན་དངོས་ཐོག་ང་ཚོའི་ལུས་པོར་དོ་སྣང་བྱེད་ཀྱི་ཡོད། འོན་ཏེ་བོད་ཀྱི་གསོ་བ་རིག་པས་སེམས་ཀྱི་དཀའ་ངལ་ཐེ་བའི་ནད་རིགས་མང་པོར་རྒྱ་ཆེ་ས་ནས་བལྟས་ཏེ། ཞུམ་སེམས་སམ་སེམས་ངལ་སོགས་ལའང་དམིགས་བསལ་གྱི་སྨན་དེ་འདྲ་བཟོས་ཡོད། དེར་བརྟེན་སྨན་རྩིས་ཁང་གིས་གཙོ་བོ་ང་ཚོའི་ལུས་པོར་དོ་སྣང་བྱེད་པ་དང་། དིལླཱི་བོད་ཁང་གིས་ལས་འཆར་འདི་འདྲའི་ཐོག་ནས་ང་ཚོའི་སེམས་དང་ནང་སེམས་ཀྱི་ཞི་བདེར་དོ་སྣང་བྱེད་ཀྱི་ཡོད། དེ་ཧ་ཅང་གལ་ཆེན་པོ་རེད།

ངོས་སྒེར་གྱི་མི་ཚེའི་ཉམས་མྱོང་ལ་གཞིགས་ན། ངོས་རང་ལོ་ན་ཆུང་ཆུང་ཡིན་པའི་སྐབས་རང་ཉིད་ལོ་ན་ཆུང་ཞིང་རབ་ཏུ་བྱུང་བའི་སློབ་ཕྲུག་ཅིག་དང་། ལེ་ལོ་ཆེ་ཞིང་སློབ་སྦྱོང་ལ་དོ་སྣང་ཞེ་དྲག་མེད་མཁན་གྱི་སློབ་ཕྲུག་ཅིག་ཏུ་བརྩི་ཡི་ཡོད། ལོ་ན་བཅུ་གསུམ་མམ་བཅུ་བཞིར་སོན་པའི་ཚེ་གཞི་ནས་སློབ་སྦྱོང་ལ་དོ་སྣང་སླེབས་ཏེ། སློབ་སྦྱོང་བྱེད་འགོ་བཙུགས་པ་ཡིན། མཐར་བོད་ནང་གི་གནས་སྟངས་ཛ་དྲག་པོ་ཆགས་ཏེ། ཕྱི་ལོ་ ༡༩༥༩ ཟླ་ ༣ པའི་ནང་བོད་ནས་རྒྱ་གར་ལ་བྲོས་བྱོལ་དུ་ཡོང་དགོས་བྱུང་། བྲོས་རྒྱུ་མ་གཏོགས་འདམ་ག་གཞན་མི་འདུག ཐ་ན་ངོས་ཀྱི་སྲོག་ལའང་ཉེན་ཁ་ཕྲད་ཡོད། དེར་བརྟེན་ངེད་ཅག་བྲོས་བྱོལ་དུ་ཡོང་སྟེ་རྒྱ་གར་ལ་སླེབས་པ་རེད། ང་ཚོ་སྐྱབས་བཅོལ་དུ་འབྱོར་བའི་འགོ་སྟོད་ཀྱི་མི་ཚེའི་ནང་། དམིགས་ཡུལ་གཙོ་བོ་ནི་ང་ཚོའི་རིག་གཞུང་ངམ་སྲོལ་རྒྱུན་གྱི་རིག་གནས་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན། སྲུང་སྐྱོབ་བྱེད་སྟངས་དེའང་དེང་དུས་ཀྱི་ཤེས་ཡོན་དང་ཟུང་འབྲེལ་བྱས་ནས་བྱེད་དགོས། དེར་བརྟེན་པཎྜིཏ་ཇབཱཧརལཱལ་ནེཧརཱུ་ལ་དམིགས་བསལ་བོད་པའི་ཆེད་དུ་སློབ་གྲྭ་གསར་འཛུགས་གནང་རོགས་ཞེས་ང་ཚོས་འབོད་སྐུལ་ཞུས་པ་རེད། དེ་ནས་ང་ཚོར་བོད་པའི་སྐད་ཡིག་སོགས་སྦྱོང་རྒྱུའི་གོ་སྐབས་ཐོབ་པ་དང་དུས་མཚུངས། ཕྱི་ལོ་ ༡༩༥༩ ལོར་རབ་བྱུང་བོད་ཕྲུག་སྟོང་ཕྲག་ཁ་ཤས་དང་མཁས་པ་མང་པོ་ཡོད་པས། རྒྱ་གར་གཞུང་ལ་སློབ་ཕྲུག་དེ་དག་དང་ཁོང་ཚོའི་དགེ་རྒན་རྣམས་ཀྱི་ཆེད་དུ་དམིགས་བསལ་གོ་སྒྲིག་ཅིག་གནང་རོགས་ཞེས་རེ་བ་ཞུས་པ་ལྟར། གཟིགས་སྐྱོང་ཆེན་པོས་གོ་སྒྲིག་གནང་སོང་། ང་ཚོས་མི་རབས་གཞོན་པ་ཚོ་ལ་སློབ་སྦྱོང་སྤྲོད་ཐབས་བྱེད་སྐབས། དེང་དུས་ཀྱི་ཤེས་ཡོན་དང་ཟུང་འབྲེལ་བྱེད་དགོས་པ་དང་། དེའི་ཐོག་ནས་ང་ཚོའི་སྲོལ་རྒྱུན་གྱི་རིག་གནས་སམ་ཤེས་ཡོན་དེ་སྲུང་སྐྱོབ་བྱེད་དགོས།

ཕྱི་ལོ་ ༡༩༧༣ ལོར་ངོས་ལ་ཡུ་རོབ་ཀྱི་རྒྱལ་ཁབ་མང་པོའི་ནང་འགྲུལ་བཞུད་བྱ་རྒྱུའི་གོ་སྐབས་བྱུང་། དེ་ནས་ཕྱི་ལོ་ ༡༩༧༩ ལོར་དམར་ཤོག་རྒྱལ་ཁབ་ཨུ་རུ་སུ་དང་སོག་པོའི་ནང་འགྲོ་རྒྱུ་བྱུང་། ལོ་དེ་ག་རང་ལ་ཨ་རི་ལ་ཕྱིན་པ་ཡིན། ཕྱི་ལོ་ ༡༩༧༣ ལོར་ཡུ་རོབ་ཏུ་ཕྱིན་པའི་སྐབས་དེ་ནས་བཟུང་ངོས་ཀྱིས་གོ་ལ་སྤྱིའི་འགན་ཁུར་གྱི་ཚོར་བ་ཡོད་པའི་ཐོག་ནས་སྐད་ཆ་ཤོད་འགོ་བཙུགས་པ་ཡིན། ལྷོ་ཕྱོགས་དང་། བྱང་ཕྱོགས། ནུབ་ཕྱོགས། ཤར་ཕྱོགས་བཅས་གང་ནས་བལྟས་ཀྱང་ང་ཚོ་ཚང་མ་འཛམ་གླིང་འདིའི་ཆ་ཤས་ཡིན། ང་ཚོ་ཚང་མས་རྒྱུ་སྐར་ལྗང་ཁུ་འདིའི་སྟེང་ནས་རླུང་སོས་པ་རྔུབ་ཀྱི་ཡོད། ང་ཚོ་ཚང་མ་འགྲོ་བ་མི་རེད། མི་རིགས་དང་། རིགས་རུས། དབུལ་པོ་དང་ཕྱུག་པོ། ཤེས་ཡོན་ཅན་དང་ཤེས་ཡོན་མེད་པ། དེ་བཞིན་ཆོས་ལུགས་མི་འདྲ་བའི་ཁྱད་པར་སོགས་ལ་ང་ཚོས་དོ་ནན་ཆེན་པོ་བྱས་ཏེ་དཀའ་ངལ་ཧ་ཅང་མང་པོ་བཟོས་ཡོད། དེ་དག་ཚང་མ་ང་ཚོ་རང་གིས་བཟོས་པ་རེད། དེར་བརྟེན་ང་ཚོར་གོ་ལ་ཧྲིལ་པོར་འགན་ཁུར་གྱི་ཚོར་བ་དགོས། འདས་པའི་མི་ལོ་སྟོང་ཕྲག་རིང་ང་ཚོས་ཉར་ཚགས་བྱས་པའི་རིག་གཞུང་ངམ་ཤེས་ཡོན་དང་ལྷག་པར་དུ་ང་ཚོ་བོད་པ་བཙན་བྱོལ་བའི་སྤྱི་ཚོགས་ཁྲོད་ང་ཚོས་སྲུང་སྐྱོབ་བྱེད་བཞིན་པའི་རིག་གཞུང་དེ་ད་ཆ་ང་ཚོས་མི་གཞན་ལ་མཉམ་སྤྱོད་བྱས་ན་ཕན་ཐོགས་ཆེ་བའི་ཚོར་སྣང་རིམ་གྱིས་བྱུང་། དེའི་ཕྱིར་འདས་པའི་མི་ལོ་ ༣༠ ལྷག་གི་རིང་ངོས་ནས་དེང་དུས་ཚན་རིག་པ་ཚོ་དང་མཉམ་དུ་བགྲོ་གླེང་ལྷུག་པོ་བྱས་པ་ཡིན། དེ་ལྟར་བགྲོ་གླེང་བྱས་པ་བརྒྱུད་ཕྱོགས་གཉིས་ཀར་ཕན་ཐོགས་དང་བློ་སྐྱེད་ཆེན་པོ་བྱུང་ཡོད།

ནམ་རྒྱུན་ངོས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ངོ་སྤྲོད་བྱེད་སྐབས། ཕྱོགས་གཅིག་ནས་ཁོང་ནི་ནང་པ་སངས་རྒྱས་པའི་ཆོས་ཀྱི་སྲོལ་གཏོད་པ་པོ་དང་། ཕྱོགས་གཞན་ཞིག་ནས་རླབས་ཆེན་གྱི་ལྟ་གྲུབ་སྨྲ་བ་དང་རླབས་ཆེན་གྱི་བསམ་བློ་བ་ཞིག་ཏུ་འགྲེལ་བཤད་རྒྱག་གི་ཡོད། ཆོས་ལུགས་ཆེ་ཁག་ཚང་མར་སྤྱིར་ཁྱད་ཆོས་སམ་རྣམ་པ་གསུམ་ལྡན་པ་ངོས་ཀྱིས་མཐོང་གི་འདུག

དང་པོ། ཆོས་ལུགས་རེད། ཆོས་ལུགས་ཆེ་ཁག་ཚང་མའི་སྙིང་པོ་དེ་སྙིང་རྗེ་དང་། བརྩེ་བ། དགོངས་ཡངས། བཟོད་སྒོམ། ཆོག་ཤེས། རང་སྒྲིག་རང་སྲུང་སོགས་ཆགས་ཡོད། དེ་དག་གི་ཐོག་ནས་བལྟས་ན་ཚང་མ་གཅིག་པ་རེད། ཚང་མར་ནུས་པ་དང་ཉམས་ལེན་གཅིག་པ་ཡོད། སྤྱིར་སྐྱིད་སྡུག་སྣ་ཚོགས་ཡོད་ཀྱང་། འདས་པའི་མི་ལོ་ཉིས་སྟོང་ལྷག་གམ་སུམ་སྟོང་མ་ཟིན་ཙམ་གྱི་རིང་ཆོས་ལུགས་མི་འདྲ་བ་དེ་དག་མི་ས་ཡ་མང་པོར་སེམས་ཤུགས་ཀྱི་འབྱུང་རྩ་ཆགས་ཡོད།

གཉིས་པ། ལྟ་གྲུབ་རེད། ལྟ་གྲུབ་ཀྱི་ཆ་ནས་ཁྱད་པར་ཆེན་པོ་ཡོད། ཆོས་ལུགས་ཆེ་ཁག་ཕལ་ཆེ་བས་འཇིག་རྟེན་བཀོད་པ་པོ་འདོད་ཅིང་། གྲངས་ཅན་པ་དང་། གཅེར་བུ་པ། ནང་པ་བཅས་ཀྱི་ལྟ་གྲུབ་ཀྱིས་རྣམ་ཤེས་ཀྱི་རྒྱུན་གྱི་ཐོག་ནས་ལས་རྒྱུ་འབྲས་ཀྱི་རྣམ་གཞག་འདོད་ཀྱི་ཡོད། རྣམ་ཤེས་ལ་ཐོག་མ་མི་འདོད་པས་འཇིག་རྟེན་བཀོད་པ་པོ་མི་འདོད། དེ་ལྟར་ལྟ་གྲུབ་ཀྱི་ཁྱད་པར་ཆེན་པོ་ཡོད། འཇིག་རྟེན་བཀོད་པ་པོ་ཁས་ལེན་མཁན་གྱི་ནང་དུའང་ཁྱད་པར་ཡོད། ནང་པའི་ནང་དུའང་ལྟ་གྲུབ་ཀྱི་ཐོག་ལ་སླེབས་སྐབས་གྲུབ་མཐའ་བཞི་ཐོན་པ་ནི། བྱེ་བྲག་སྨྲ་བ་དང་། མདོ་སྡེ་པ། སེམས་ཙམ་པ། དབུ་མ་པ་བཅས་ཡིན་ཞིང་། གྲུབ་མཐའ་སོ་སོའི་ནང་དུའང་ནང་གསེས་ཀྱི་སྡེ་ཚན་མང་པོ་ཡོད། དེར་བརྟེན་ལྟ་གྲུབ་ཀྱི་ཁྱབ་ཁོངས་ནང་ཁྱད་པར་ཏན་ཏན་ཡོད། མདོ་དོན་ང་ཚོས་ལྟ་གྲུབ་མི་འདྲ་བ་དེ་དག་གི་དམིགས་ཡུལ་གང་རེད་ཅེས་སྐད་ཆ་འདྲི་དགོས། དམིགས་ཡུལ་གཅིག་པ་རེད། བྱམས་བརྩེའི་ཉམས་ལེན་ཤུགས་ཆེ་རུ་གཏོང་རྒྱུ་དེ་ཡིན། དཔེར་ན། འཇིག་རྟེན་བཀོད་པ་པོ་འདོད་པའི་ལྟ་ཚུལ་ནང་། དཀོན་མཆོག་ནི་དཔག་ཏུ་མེད་པའི་སྙིང་རྗེའི་བདག་ཉིད་དུ་ལྟ་ཞིང་། ང་ཚོ་ཁོང་གིས་བཀོད་པ་དང་། སྐྱེ་བ་སྔ་མ་ཕྱི་མ་མེད་པར་ཚེ་འདི་ཉིད་དཀོན་མཆོག་གིས་བཀོད་པར་ཡིད་ཆེས་བྱེད། བྱམས་བརྩེ་དང་དགོངས་ཡངས་སོགས་ཀྱི་ཉམས་ལེན་ཤུགས་ཆེ་རུ་གཏོང་བར་ལྟ་ཚུལ་དེར་ནུས་པ་ཧ་ཅང་ཆེན་པོ་ལྡན། དཀོན་མཆོག་ཁས་མི་ལེན་གྱི་ལྟ་གྲུབ་མི་འདྲ་བ་དེ་དག་གིས་ལས་འགན་ཚང་མ་སོ་སོའི་ཕྲག་སྟེང་དུ་བབས་པར་འདོད། དེ་ཡང་ཕན་ཐོགས་ཤིན་ཏུ་ཆེ་བའི་ལྟ་ཚུལ་ཞིག་ཡིན། གང་ཟག་མི་འདྲ་བ་ལ་རིག་གཞུང་མི་འདྲ་བ་དང་། ཁམས་དང་མོས་པ་མི་འདྲ་བ་ཡོད་པས། ནང་སེམས་ཀྱི་རིན་ཐང་དེ་དག་ལ་སོ་སོའི་གདེང་སྤོབས་དང་ངེས་ཤེས་ཤུགས་ཆེ་རུ་གཏོང་བར་ང་ཚོར་ལྟ་ཚུལ་མི་འདྲ་བ་དགོས་ཀྱི་ཡོད། ཐ་ན་བཅོམ་ལྡན་འདས་ཉིད་དགེ་རྒན་དུ་བསྟེན་མཁན་གྱི་སློབ་མའི་ནང་དུའང་ཁམས་དང་མོས་པའི་ཆ་ནས་ཁྱད་པར་ཡོད་སྟབས། ཁོང་གིས་གདུལ་བྱ་སོ་སོའི་ཁམས་དང་མོས་པ་ལ་བསྟུན་ནས་ལྟ་གྲུབ་ཀྱི་རྣམ་གཞག་ཐ་དད་པ་མང་པོ་ཞིག་གསུང་དགོས་བྱུང་བ་རེད།

གསུམ་པ། རིག་གཞུང་རེད། གསང་པོར་བཤད་ན། དེས་མི་ཚེ་སྐྱེལ་སྟངས་དང་ད་ཡོད་ཀྱི་སྤྱི་ཚོགས་ཁྲོད་ཤུགས་རྐྱེན་ཆེན་པོ་བྱིན་ཡོད། དེའི་ཆ་ནས་ད་ལྟའི་དངོས་ཡོད་ཀྱི་གནས་སྟངས་ལ་བསྟུན་ནས་གོམས་གཤིས་ཁ་ཤས་ལ་འགྱུར་བ་དང་ལེགས་བཅོས་བྱེད་དགོས།

རྣམ་པ་དང་པོ་ཆོས་ལུགས་ལ་འགྱུར་བ་གཏོང་མི་དགོས་པར་སོ་སོའི་ཉམས་ལེན་ལ་ངེས་པར་དུ་མུ་མཐུད་དེ་འཇུག་དགོས། གཉིས་པ་ལྟ་གྲུབ་ཀྱང་དགོས་པའི་དབང་གིས་གསུངས་པས་དེ་དག་ལ་སློབ་སྦྱོང་བྱེད་དགོས། དེ་ནས་སོ་སོའི་རྣམ་དཔྱོད་ཀྱི་ཐོག་ནས་བརྟགས་ཏེ༑ ལྟ་གྲུབ་བྱེ་བྲག་པ་ཞིག་སོ་སོར་འཚམ་པོ་དང་ཕན་པོ་འདུག་ན། དེ་ཉམས་ལེན་བྱེད་དགོས། རིག་གཞུང་གི་ཆ་དེ་ང་ཚོར་དུས་ནས་དུས་སུ་དགོས་པ་ཞིག་ཡིན། བོད་པའི་རིག་གཞུང་གི་ནང་བོད་པ་ཚོས་དགའ་ལྡན་ཕོ་བྲང་དེ་ཧ་ཅང་གལ་ཆེན་པོ་བརྩིས་ནའང་། ངོས་ནས་དེ་གལ་ཆེན་པོ་ཞེ་དྲག་ཚོར་གྱི་མེད། ཕྱི་ལོ་ ༡༩༦༩ ཙམ་ནས་ངོས་ཀྱི་གཞུང་འབྲེལ་གཏམ་བཤད་ཅིག་ནང་དགའ་ལྡན་ཕོ་བྲང་དེ་མུ་མཐུད་དགོས་དང་མི་དགོས་བོད་མི་ཚོའི་འདོད་པ་རེད་ཅེས་བཤད་ཡོད། དེ་ནས་ཕྱི་ལོ་ ༢༠༡༡ ལོར་ངོས་ནས་ཆབ་སྲིད་ཀྱི་ལས་འགན་ཡོངས་རྫོགས་རྩིས་སྤྲད་པ་ཡིན། འདས་པའི་མི་ལོ་བཞི་བརྒྱའི་རིང་བོད་ཀྱི་ཆོས་སྲིད་གཉིས་ཀའི་དབུ་ཁྲིད་དུ་གྱུར་པའི་དགའ་ལྡན་ཕོ་བྲང་དེ། ད་ལྟ་ལུགས་དང་མཐུན་པའི་སྒོ་ནས། གཞུང་འབྲེལ་གྱི་ཐོག་ནས། སྤོབས་པ་ཆེན་པོ་དང་དགའ་པོའི་ངང་ནས། རང་འགུལ་གྱིས་མཇུག་བསྡུས་པ་ཡིན། རྒྱུ་མཚན་ནི་གནས་སྟངས་ལ་འགྱུར་བ་ཕྱིན་ཡོད། ངོས་ཀྱི་བསམ་པར་དེང་སང་གི་ཆབ་སྲིད་དང་ཆོས་ལུགས་ཀྱི་ཁྱབ་ཁོངས་གང་ཡིན་རུང་མི་གཅིག་དབང་སྒྱུར་རིང་ལུགས་ཀྱི་དུས་ཚོད་ཡོལ་ཟིན་པ་རེད། རྒྱུ་མཚན་དེ་འདྲ་རེད།

ཕྱོགས་གཅིག་ནས་བཅོམ་ལྡན་འདས་ནི་རླབས་ཆེན་གྱི་ལྟ་གྲུབ་སྨྲ་བ་ཞིག་དང་ཕྱོགས་གཞན་ཞིག་ནས་རླབས་ཆེན་གྱི་བསམ་བློ་བ་ཞིག་ཡིན་པར་ངོས་ཀྱིས་བཤད་ཟིན། ཡང་ཕྱོགས་གཞན་ཞིག་ནས་བལྟས་ན་ཁོང་ནི་གནའ་བོའི་རྒྱ་གར་གྱི་ཚན་རིག་པ་ཞིག་ཏུ་ངོས་ཀྱིས་འགྲེལ་བརྗོད་ཞུ་ཡི་ཡོད། རྒྱུ་མཚན་ནི་ཁོང་གི་གསུང་ཞིག་གི་ནང་། ཁོང་གིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ༑ ༑ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། ། ཞེས་གསུངས་ཡོད། དེ་ནི་དངོས་ཡོད་གནས་སྟངས་ལ་འཇུག་པའི་ཚན་རིག་གིས་ལམ་དང་ཡོངས་སུ་མཐུན་པའི་བསམ་བློ་གཏོང་སྟངས་ཤིག་ཡིན། དེའི་ཕྱིར་ངོས་ལ་དེང་དུས་ཀྱི་ཚན་རིག་པ་དང་མཉམ་རུབ་བྱ་རྒྱུའི་བློ་སྟོབས་བྱུང་། དེང་སང་ངོས་ཀྱིས་རང་ཉིད་ཕྱེད་ཀ་ནང་པའི་དགེ་འདུན་པ་ཞིག་དང་ཕྱེད་ཀ་ཚན་རིག་པ་ཞིག་ཡིན་ཞེས་བརྗོད་ཀྱི་ཡོད། ངོས་ཀྱི་གྲོགས་པོ་འདས་པོ་ཕ་རན་སི་སེ་ཁོ་ ཝེ་རི་ལཱ་ (Francisco Varela) ལགས་དང་ངེད་གཉིས་ཚན་རིག་གི་བརྗོད་གཞི་འདྲ་མིན་ཐད་བགྲོ་གླེང་བྱེད་སྐབས། ཁོང་གིས། ད་ལྟ་ངས་ཚན་རིག་གི་ཞྭ་མོ་གྱོན་ཡོད་ཅེས་གསུངས་ཏེ༑ ཚན་རིག་གི་ལྟ་ཚུལ་གསུང་གི་རེད། ཡང་སྐབས་རེར་ཁོང་གིས། ད་ངས་ནང་པའི་ཞྭ་མོ་གྱོན་ཡོད་ཅེས། ནང་པའི་ལྟ་ཚུལ་དང་བསམ་བློ་གཏོང་སྟངས་སྐོར་འགྲེལ་བཤད་རྒྱག་གི་རེད། ཝེ་རི་ལཱ་ལགས་དང་ངོས་འདྲིས་པོ་ཞེ་དྲག་ཡོད་སྟབས། ངོས་ནས་ཁོང་གི་རྗེས་སུ་འཇུག་ཐབས་བྱས་ཏེ། ཚན་རིག་དང་ནང་པའི་ཞྭ་མོ་གྱོན་ནས། ཚན་རིག་པ་དང་ནང་པ་གཉིས་ཀ་བྱེད་ཐབས་བྱེད་ཀྱི་ཡོད།

དེང་སང་གི་འཛམ་གླིང་ནང་ཕྱི་དངོས་པོ་དང་ཚན་རིག་གི་ཞིབ་འཇུག་སོགས་ཀྱི་ཐད་ཡར་ཐོན་ཧ་ཅང་ཆེན་པོ་ཕྱིན་ཡོད་ནའང་། ད་དུང་ལྷོ་ཕྱོགས་དང་བྱང་ཕྱོགས་སོགས་ཀྱི་གོ་ལའི་རིམ་པ་ཙམ་དུ་མིན་པར་རྒྱལ་ཁབ་གཅིག་གི་ནང་དུའང་མི་གསོད་ཁྲག་སྦྱོར་དང་སྡུག་བསྔལ་མང་བ། དབུལ་ཕྱུག་གི་ཁྱད་པར་ཆེན་པོ་མཐོང་རྒྱུ་ཡོད། ཉིན་ཤས་གོང་ཨིན་ཇིའི་རྒྱང་བསྒྲགས་ལས་ཁུངས་ (BBC) ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ནཻ་ཇཱི་རི་ཡཱའི་ (Nigeria) ནང་ཕྲུ་གུ་སྟོང་ཕྲག་མང་པོ་ལྟོགས་ཤི་ཐེབས་སྐོར་པར་རིས་ཐོག་ནས་བསྟན་སོང་། སེམས་ཧ་ཅང་སྐྱོ་དགོས་པ་ཞིག་རེད། རྒྱུ་སྐར་གཅིག་གི་སྟེང་མི་གཅིག་པ་ཡིན་ནའང་། ཁ་ཤས་ཀྱིས་བག་མེད་ལོངས་སྤྱོད་ཀྱིས་མི་ཚེ་ཧ་ཅང་རྒྱས་སྤྲོས་བྱེད་པ་དང་དུས་མཚུངས། མི་འགའ་ཞིག་དང་ལྷག་པར་དུ་ཕྲུ་གུ་མང་པོ་ད་དུང་སྡུག་བསྔལ་གྱིས་མནར་ནས་ཡོད། དེ་དག་ཚང་མ་ང་རང་ཚོས་ལྷོད་ཡངས་ཤོར་བའི་རྐྱེན་གྱིས་རེད། དེ་ཡང་ང་ཚོས་སོ་སོ་གཅིག་པུའི་ཆེད་དུ་བསམ་བློ་གཏོང་བ་དང་གཅིག་གྱུར་གྱི་འདུ་ཤེས་མེད་པའི་ཐོག་ནས་བྱུང་བ་རེད། གལ་སྲིད་ང་ཚོས་འགྲོ་བ་མི་རྣམས་གཅིག་གྱུར་ཡིན་པའི་འདུ་ཤེས་ཤིག་སྐྱེད་ཐུབ་ན། ལྟོགས་ཤི་ཐེབས་ལ་ཉེ་བའི་སྐྱབས་མེད་མགོན་མེད་ཀྱི་ཕྲུ་གུ་དེ་དག་སྣང་མེད་དུ་སྐྱུར་ག་ལ་ནུས། སྟག་དང་གླང་ཆེན་སོགས་ཀྱིས་མི་གསོད་པ་སྐབས་རེར་གསར་འགྱུར་ནང་ཐོན་གྱི་ཡོད། འོན་ཏེ་ད་ཆ་མིས་མི་གསོད་པ་ཧ་ལམ་རྒྱུན་ལྡན་འདྲ་པོ་ཆགས་འདུག ཧ་ཅང་ཐབས་སྐྱོ་པོ་རེད། རྒྱུ་སྐར་གཅིག་གི་སྟེང་དུ་མི་གཅིག་པ་ཡིན་ནའང་མིའི་བྱ་སྤྱོད་ལ་བརྟེན་ནས་ས་ཆ་ཁ་ཤས་ནང་མི་ཁ་ཤས་འཆི་ལ་ཉེ་ནའང་ད་དུང་ང་ཚོས་སྣང་མེད་དུ་སྡོད་པ་ནི་རྩ་བ་ཉིད་ནས་འགྲིག་གི་མེད། ང་ཚོས་ངེས་པར་དུ་བསམ་བློ་གཏོང་དགོས།

ནང་པའི་ཉམས་ལེན་པ་ཞིག་ཡིན་པའི་ཆ་ནས་ང་ཚོས་ཉིན་ལྟར་ཉམས་ལེན་བྱེད་བཞིན་“མར་གྱུར་སེམས་ཅན་ཐམས་ཅད་”ཅེས་སེམས་ཅན་ཐམས་ཅད་རང་གི་མར་བརྩི་ཡི་ཡོད། རྒྱུ་སྐར་འདི་གཅིག་པུ་མ་གཏོགས་གཞན་ལ་ང་ཚོས་འབྲེལ་བ་བྱེད་ཐུབ་ཀྱི་མེད། རྒྱུ་སྐར་འདིའི་ནང་དུ་བྱེའུ་དང་འོ་འཐུང་སྲོག་ཆགས་སོགས་ལུས་རྟེན་མི་འདྲ་བའི་སེམས་ཅན་གྲངས་ལས་འདས་པ་ཡོད། དེ་དག་ལ་ང་ཚོས་འབྲེལ་བ་བྱེད་ཐུབ་ཀྱི་མེད། ལོ་འདིའི་ལོ་འགོར་ངོས་རང་མེ་ཡོ་སྨན་ཁང་དུ་འགྲོ་སྐབས་དེར་ཤྭ་བ་སྙིང་རྗེ་པོ་ཁ་ཤས་འདུག ངོས་ཀྱིས་ཤྭ་བ་དེ་དག་མཐོང་སྐབས་དེ་དག་ཀྱང་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པའི་སེམས་ཅན་ཞིག་རེད། སེམས་ཅན་དེ་དག་ལ་རྣམ་དཔྱོད་ཕྲན་བུ་ཡོད་སྲིད་ཀྱང་འགྲོ་བ་མི་ནང་བཞིན་རྣམ་དཔྱོད་མེད་ཁར་སྐད་ཡིག་ཀྱང་མེད་པས། ངོས་ནས་གང་ཡང་བྱེད་ཐུབ་ཀྱི་མི་འདུག དེ་དག་ལ་བསམ་བློ་ཡག་པོ་གཏོང་སྐབས་མཚམས་རེ་མིག་ཆུ་ཤོར་བ་ཙམ་ལས་དེ་མིན་གང་ཡང་བྱེད་ཐུབ་ཀྱི་མི་འདུག དེས་ན་རེ་བ་ཡོད་པ་ནི་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་དེ་དག་གཅིག་པུ་རེད། ང་ཚོར་མིའི་རྣམ་དཔྱོད་དང་སྐད་ཡིག་འདྲ་མིན་ཡོད་སྟབས་ཕན་ཚུན་འབྲེལ་བ་བྱེད་ཐུབ་ཀྱི་ཡོད། དེའི་ཕྱིར་ང་ཚོས་བསམ་བློ་གཏོང་དགོས། གལ་ཏེ་ང་ཚོས་སེམས་ཅན་ཐམས་ཅད་ལ་བསམ་པ་རྣམ་དག་གིས་སྨོན་ལམ་རྒྱག་གི་ཡོད་ན། རྒྱུ་སྐར་འདི་ཉིད་སྟེང་གནས་པའི་མི་ཐེར་འབུམ་བདུན་ཡོད་པའི་ཆེད་དུ་ངེས་པར་དུ་གཅིག་བྱེད་དགོས།

དངོས་གཙོ་སྨྲ་བའི་མི་ཚེའི་ནང་དགའ་ཚོར་དང་བདེ་སྐྱིད་ནི་དབང་ཤེས་ཀྱི་མྱོང་བ་ལ་ཤུགས་ཆེན་པོ་བརྟེན་ཡོད། ཡིད་དུ་འོང་བའི་ཅ་ལག་དང་རོལ་དབྱངས། བྲོ་བ་ཅན་གྱི་ཟས་དང་དྲི། ལུས་འབྲེལ་ཐེ་བའི་འཇམ་པའི་རེག་བྱ་བཅས་ནི་དབང་ཤེས་ཀྱི་རིམ་པའི་ཐོག་ནས་ཡོང་གི་ཡོད། དབང་ཤེས་ཀྱི་རིམ་པའི་ཐོག་ནས་ཚང་མ་ཏག་ཏག་ཡོད་ནའང་། ནང་བསམ་བློའི་རིམ་པའི་ཐོག་སེམས་ཁྲལ་དང་། སེམས་ངལ། འཇིགས་སྣང་སོགས་ཧ་ཅང་མང་པོ་ཡོང་སྐབས། དབང་ཤེས་ལ་བརྟེན་པའི་བདེ་བས་ཞེ་དྲག་ཕན་གྱི་མེད། ནང་བསམ་བློའི་ཐོག་ནས་ཞི་བདེ་བག་ཕེབས་ཡོད་ན། དབང་ཤེས་ཀྱི་རིམ་པའི་ཐོག་ནས་ཡོང་བའི་སྡུག་བསྔལ་ང་ཚོས་ཤུགས་ཆུང་དུ་གཏོང་ཐུབ་པ་གསལ་པོ་རེད། འོན་ཀྱང་སེམས་ཀྱི་སྡུག་བསྔལ་དེ་ཕྱིའི་བདེ་བ་ལ་བརྟེན་ནས་སེལ་མི་ཐུབ། དེར་བརྟེན་ནང་སེམས་ཀྱི་མྱོང་བ་དེ་ཕྱི་ལུས་ཀྱི་མྱོང་བ་ལས་རྦད་དེ་གལ་ཆེ་བ་ཆགས་ཡོད།

དངོས་གཙོ་སྨྲ་བའི་འགྲོ་སྟངས་དེ་མཐའ་གཅིག་ཏུ་དབང་ཤེས་ཀྱི་མྱོང་བ་ལ་བརྟེན་ཡོད། དེས་ཏག་ཏག་འདང་གི་མེད། འགྲོ་བ་མི་ཞིག་ཡིན་པའི་ཆ་ནས། ང་ཚོའི་ནང་སེམས་ཀྱི་ཞི་བདེ་མེད་པ་བཟོ་མཁན་ངོ་མ་དེ་ཉོན་མོངས་ཏེ། ཁོང་ཁྲོ་དང་། ཞེ་སྡང་། འཇིགས་སྣང་སོགས་རེད། དེ་དག་ནི་དབང་ཤེས་ཀྱི་རིམ་པའི་ཐོག་ལ་མིན་པར་ནང་བསམ་བློ་དང་འབྲེལ་ཡོད། ཉོན་མོངས་དེ་དག་ལ་མགོ་གནོན་བྱེད་ཐབས་ཡག་ཤོས་ནི་ཆང་རག་འཐུང་བ་དང་། བཟི་སྨན་ནམ་ཞི་བྱེད་ཀྱི་སྨན་སོགས་ལས་བྱུང་བའི་དབང་ཤེས་ཀྱི་རིམ་པའི་མྱོང་བ་ལ་བརྟེན་རྒྱུ་མེད་པ་དེ་ཡིན། གང་ཡིན་ཞེ་ན༑ དེ་དག་གིས་ཚད་ངེས་ཅན་ནམ་འཕྲལ་གྱི་ལུས་ཀྱི་བདེ་བ་ཙམ་ལས་མི་སྟེར། འོན་ཀྱང་དཀའ་ངལ་གཙོ་བོ་ནང་བསམ་བློའི་རིམ་པར་བྱུང་སྟབས། དེ་དག་གི་གཉེན་པོའང་བསམ་བློའི་ཐོག་ནས་བསྐྱེད་དགོས། དེའི་ཕྱིར་བློ་སྦྱོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ད་ལྟའི་ཆར་ནུབ་ཕྱོགས་སུ་སྒོམ་མམ་དྲན་ཤེས་སྦྱོང་བརྡར་ལ་མི་མང་པོས་དོ་སྣང་དང་དབྱིངས་ཡོད་པ་སྟོན་གྱི་འདུག དེ་ནི་འགོ་འཛུགས་ཙམ་རེད། སྒོམ་ཟེར་དུས་སྤྱིར་བཏང་སེམས་རྩེ་གཅིག་པ་ལ་གོ་ཡི་འདུག དེ་ནི་གནས་སྐབས་ཙམ་གྱི་ཞི་བྱེད་ཅིག་རེད། སྒོམ་དངོས་གནས་དེ་དཔྱད་སྒོམ་རེད། དེ་ལ་ལྷག་མཐོང་ཡང་ཟེར། ལྷག་མཐོང་གི་ཐོག་ནས་ཉོན་མོངས་ལ་ཁ་གཏད་གཅོག་རྒྱུ་དེ་ཐབས་ལམ་ཡག་ཤོས་རེད། དེ་ལྟར་བྱེད་པར་སེམས་དང་སེམས་ཚོར་གྱི་རྣམ་གཞག་ཐད་གོ་རྟོགས་འདང་ངེས་དགོས། ནམ་རྒྱུན་ངོས་ཀྱིས་དེ་ལ་སེམས་ཚོར་གྱི་ས་ཁྲ་ཟེར་ཞིང་། དེས་ཉོན་མོངས་དེ་དག་གང་ནས་བྱུང་བ་དང་། དེའི་རྒྱུ་དང་རྐྱེན་གང་ཡིན་པ། དེས་ཤུགས་རྐྱེན་གང་སྦྱིན་པ། སེམས་ཚོར་ནང་ཕན་ཚུན་འབྲེལ་བ་གང་ཡོད་པ་སྟོན་གྱི་ཡོད། ནམ་ཞིག་ང་ཚོས་དེ་དག་གསལ་པོ་ཤེས་ཐུབ་པ་བྱུང་ན། ཉོན་མོངས་དེ་དག་ལ་ཁ་གཏད་གཅོག་རྒྱུ་རྦད་དེ་ལས་སླ་བ་ཡོང་ཐུབ།

འདས་པའི་དུས་སུ་དེ་དག་ནི་ཆོས་ཕྱོགས་ཀྱི་ཉམས་ལེན་ཙམ་དུ་བརྩི་ཡི་ཡོད། ངོས་ཀྱིས་གོང་དུ་བཤད་པ་ལྟར། དེ་དག་གི་ཐད་སོ་སོའི་གོ་རྟོགས་ཕན་ཚུན་སྤེལ་རེས་བྱེད་དགོས་པའི་དུས་ལ་བབས་པ་ལས་ཆོས་ལུགས་ཀྱི་ཉམས་ལེན་ཙམ་དུ་བརྩི་མི་ཉན། དེ་ནི་ནང་ཆོས་ཀྱི་ཉམས་ལེན་ཙམ་མིན་པར་ཚང་མས་སྦྱང་དགོས་པའི་སློབ་ཚན་ཞིག་རེད། ལུས་པོར་གཙང་སྦྲ་འཕྲོད་བསྟེན་དགོས་པ་ལྟར་སེམས་ཚོར་ལའང་གཙང་སྦྲ་དགོས་ཀྱི་ཡོད་ཅེས་ངོས་ཀྱིས་ནམ་རྒྱུན་ནས་བརྗོད་ཀྱི་ཡོད། ཕྱི་ལུས་ལ་གཙང་སྦྲ་འཕྲོད་བསྟེན་བྱེད་པར་ལུས་ཀྱི་འབྱུང་བ་སོགས་ཀྱི་ཐད་གོ་རྟོགས་དགོས་པ་ལྟར། ནང་སེམས་ཚོར་གྱི་འཕྲོད་བསྟེན་ཡག་པོ་ཡོང་བར་སེམས་ཚོར་གྱི་རྣམ་གཞག་ལ་རྒྱུས་མངའ་མཐིལ་ཕྱིན་པ་དགོས་ཀྱི་ཡོད། དེར་བརྟེན་དེ་དག་ངེས་པར་དུ་སྦྱང་དགོས་པའི་སློབ་ཚན་ཞིག་ཏུ་བརྩི་དགོས། སྐྱེ་བ་ཕྱི་མ་དང་ཐར་པའི་སྐོར་མ་བཤད་པར། ཚེ་འདི་དང་ཉིན་རེའི་མི་ཚེའི་བདེ་ཐང་གི་ཆེད་དུ་སེམས་བརྟན་པོ་དང་། སྐྱིད་པོ། ཞི་བདེ་བག་ཕེབས་ཡོང་ཐབས་བྱེད་དགོས། དེ་ལྟར་བྱུང་ན་ལུས་པོ་ཐང་པོ་ཞིག་ཡོང་ཐུབ། ཚན་རིག་པ་ཚོས་ཀྱང་ལུས་པོ་ཐང་པོ་ཡོང་བར་སེམས་ཐང་པོ་དགོས་རྒྱུ་གཙོ་བོར་བཤད་ཡོད། རྟག་ཏུ་ཁོང་ཁྲོ་དང་འཇིགས་སྣང་བྱུང་ན་དེས་ང་ཚོའི་ལུས་ཀྱི་ནད་འགོག་མ་ལག་ཟད་པར་བྱེད།

གཞན་ཡང་ཚན་རིག་པ་ཚོས་དམིགས་བསལ་ཟླ་བ་བཞི་ལྔ་ཙམ་ལས་མ་སོན་ཞིང་། སྐད་ཆ་ཤོད་མི་ཤེས་པའི་བྱིས་པར་པར་རིས་འདྲ་མིན་བསྟན་ནས། ཁོང་ཚོའི་རྣམ་འགྱུར་གྱི་ཐོག་ནས་མིའི་གཞི་རྩའི་རང་བཞིན་གང་ཡིན་ཐད་རིག་པ་བསྒྲིམས་ནས་བརྟག་ཞིབ་བྱས་པ་བརྒྱུད། གཞི་རྩའི་མིའི་རང་བཞིན་སྙིང་རྗེ་ཆེ་བར་མཇུག་བསྡོམས་བརྒྱབ་ཡོད། དེ་དངོས་གནས་རེ་བ་ཡོད་པའི་རྟགས་མཚན་ཞིག་ཡིན། ཅི་སྟེ་གཞི་རྩའི་མིའི་རང་བཞིན་ཁོང་ཁྲོ་ཡིན་ན། རེ་བ་ཟད་པ་རེད། དེས་ན་ལྷ་ཡུལ་ལམ་དམྱལ་བར་འཁྲིད་རོགས་ཞེས་དཀོན་མཆོག་ལ་སྨོན་ལམ་བཏབ་ནས་འཇིག་རྟེན་འདི་གང་མགྱོགས་སྟོང་པ་ཆགས་ན་ལེགས།

འོན་ཏེ་གཞི་རྩའི་མིའི་རང་བཞིན་སྙིང་རྗེ་ཅན་ཞིག་ཡིན་ན། དངོས་གནས་རེ་བ་ཡོད་རེད། དེ་ཡར་རྒྱས་གཏོང་བའི་ཐབས་ལམ་གལ་ཆེ་བ་ཞིག་ནི་ཤེས་ཡོན་རེད། ད་ཡོད་ཀྱི་ཤེས་ཡོན་ལམ་ལུགས་ནི་ཕྱི་དངོས་པོའི་རིན་ཐང་ལ་ཁ་ཕྱོགས་ནས་ཡོད། དེ་ལྟའི་ཤེས་ཡོན་ལམ་ལུགས་ཀྱི་རྒྱབ་ལྗོངས་ཁྲོད་ནས་འཚར་ལོངས་བྱུང་བའི་མི་རབས་ཚང་མ་དངོས་གཙོ་སྨྲ་བའི་མི་ཚེའམ་དངོས་གཙོ་སྨྲ་བའི་རིག་གཞུང་གི་ལམ་དུ་བསྐྱོད་རྒྱུ་རེད། རྒྱ་གར་ལ་མཚོན་ན། རིག་གཞུང་ཕྱུག་པོ་དེ་དག་ཚང་མ་དང་པོ་ལུང་པ་འདིའི་ནང་དར་ནས་རིམ་གྱིས་རྒྱ་ནག་དང་། བོད། བརྨཱ། ཤྲཱིལངྐཱ། ཐེའི་ལནྜ་སོགས་ཀྱི་ནང་ཕྱིར་འདྲེན་བྱས་པ་རེད། འོན་ཏེ་ཆེས་ཐོག་མར་དར་སའི་རྒྱ་གར་འདི་ཉིད་ནང་དེ་དག་ལ་དོ་སྣང་ཞེ་དྲག་བྱེད་ཀྱི་མེད། ད་ཆ་ཁྱེད་རྒྱ་གར་བ་ཚོས་སོ་སོའི་སྲོལ་རྒྱུན་གྱི་ཤེས་བྱ་དེ་དག་དང་ནང་སེམས་ཀྱི་འཇིག་རྟེན་སྐོར་ལ་དོ་སྣང་ཤུགས་ཆེ་ཙམ་བྱེད་དགོས་པའི་དུས་ལ་སླེབས་ཡོད། ཡིན་གཅིག་མིན་གཅིག་ནང་པ་བྱེད་དགོས་དོན་མེད། གལ་ཏེ་ཁྱེད་རང་ཆོས་ལ་ཡིད་ཆེས་མེད་མཁན་ཞིག་ཡིན་ན། དེ་ག་རང་གནས་རྒྱུ་ཨ་ཅང་ཅང་གལ་ཆེན་པོ་རེད། འོན་ཏེ་ནང་སེམས་ཀྱི་འགྲོ་སྟངས་ཐད་གོ་རྟོགས་མཐིལ་ཕྱིན་པ་ཞིག་རྙེད་ན། གཞི་ནས་སོ་སོའི་རྒྱུད་ཀྱི་ཉོན་མོངས་དེ་དག་ལ་གདོང་ལེན་བྱེད་ཐུབ།

འདས་པའི་མི་ལོ་སྟོང་ཕྲག་རིང་ང་ཚོས་རྒྱུད་འཛིན་བྱས་ཏེ་གནས་པའི་ཤེས་ཡོན་དེ་དག་ད་ཆ་སྤུན་ཟླ་མི་རིགས་གཞན་ཚོར་སྤེལ་དགོས་པའི་དུས་ལ་བབས་པར་ངོས་ལ་ད་གཟོད་ངེས་ཤེས་གསལ་པོ་བྱུང་། གཅིག་བྱས་ན་ཁྱེད་རང་ཚོས་བཀའ་འགྱུར་དང་བསྟན་འགྱུར་སྐོར་མཁྱེན་གྱི་ཡོད་རྒྱུ་རེད། སངས་རྒྱས་ཀྱི་བཀའ་ཐད་ཀར་བོད་སྒྱུར་བྱས་པ་དང་ནཱ་ལེནྡྲའི་མཁས་པས་མཛད་པའི་བཀའ་དེ་དག་གི་འགྲེལ་པ་བོད་སྒྱུར་བྱས་པ་ཚང་མ་བསྡོམས་ན་པོ་ཏི་སུམ་བརྒྱ་ལྷག་ཙམ་ཡོད་རེད། པོ་ཏི་སུམ་བརྒྱ་དེ་དག་གི་ནང་དོན་ལ་བསམས་ན། ཚན་རིག་དང་། ལྟ་གྲུབ། ཆོས་ལུགས་བཅས་སྡེ་ཚན་གསུམ་དུ་བགོས་ཆོག་ཅེས་ལོ་བཅོ་ལྔའི་གོང་དུ་ང་ཚོས་བསམ་བློ་འཁོར་བྱུང་། ཆོས་ལུགས་ནི་ནང་པ་ཚོའི་ཆེད་དུ་དང་། ཚན་རིག་དང་དེ་ཡང་སེམས་ཀྱི་ཚན་རིག་ནི་མི་ཐེར་འབུམ་བདུན་ཡོད་པ་ཚང་མར་གཅིག་གྱུར་ཆགས་ཡོད། ལྟ་གྲུབ་ལ་རིགས་གཉིས་ཡོད། རིགས་གཅིག་ཐད་ཀར་སངས་རྒྱས་ཀྱི་ཆོས་དང་འབྲེལ་བ་དང་། གཞན་དེ་བདེན་པ་གཉིས་ལྟ་བུའི་སྤྱིར་བཏང་གི་ལྟ་ཚུལ་དང་འབྲེལ་ཅིང་། ཀོན་ཊམ་དངོས་ཁམས་རིག་པ་དང་འབྲེལ་བ་ཉེ་པོ་ཡོད། ཆོས་རྣམས་ཀྱི་སྣང་ཚུལ་དང་གནས་ཚུལ་གྱི་ཁྱད་པར་སྐོར་རེད། དེ་གཉིས་ལ་ལེགས་སྦྱར་སྐད་དུ། སཾབྲཏིསཏྱ་དང་པརམཱརྠསཏྱ་(ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པ་)ཞེས་བརྗོད་ཅིང་། བློ་ལ་འཐད་པོ་ཞེ་དྲག་འདུག

ངོས་ཀྱི་རྒྱ་གར་བའི་གྲོགས་པོ་རྡུལ་ཕྲན་ཚན་རིག་པ་མིང་འདོགས་ལ་རྒྱ་གར་གྱི་སོ་ཀེ་རེ་ཊས་ (Socrates) ཟེར། ད་ལྟ་ཁོ་རང་བཞུགས་ཡོད་མ་རེད། ཐེངས་ཤིག་དིལླཱིར་འདུ་འཛོམས་ཤིག་གི་སྐབས། ཁོང་གིས། ནུབ་ཕྱོགས་སུ་ཀོན་ཊིམ་དངོས་ཁམས་རིག་པ་ནི་ལྟ་ཚུལ་གསར་པ་ཞིག་ཆགས་འདུག འོན་ཏེ་ལུང་པ་འདིའི་ནང་ལོ་ངོ་ ༢༠༠༠ གི་སྔོན་ནས་རིག་པ་དེ་དར་ཡོད་ཅེས་དང་། དེ་ཡང་མགོན་པོ་ཀླུ་སྒྲུབ་ཀྱི་གསུང་ཞིག་ཁོང་གིས་བཀླགས་ཏེ༑ དེའི་ནང་ཡུལ་སྟེང་ནས་གྲུབ་པའི་ཆོས་གང་ཡང་མེད་ཅེས་གསུངས་འདུག་ཅེས་ངོས་ལ་གསུངས་བྱུང་། དེ་ལྟ་བུའི་ལྟ་གྲུབ་ནི་ངོས་ཀྱི་བསམ་པར་དངོས་ཡོད་ཀྱི་གནས་སྟངས་ཤེས་པའི་ཆེད་དུ་ཚང་མར་གཅིག་གྱུར་ཆགས་ཡོད།

ང་ཚོའི་རྒྱུད་ཀྱི་ཉོན་མོངས་རྣམས་ཆོས་རྣམས་ཀྱི་སྣང་ཚུལ་ཐོག་ནས་སྐྱེས་སྟབས་འགྲེལ་ལུགས་དེ་ཕན་ཐོགས་ཆེན་པོ་ཡོད། ཉོན་མོངས་དེ་དག་མེད་པ་བཟོ་བར་དངོས་ཡོད་ཀྱི་གནས་སྟངས་ཐད་བསམ་བློ་གཏིང་ཟབ་ཏུ་བཏང་ན། ཁོང་ཁྲོ་དང་འདོད་ཆགས་སོགས་ལ་གཞི་རྟེན་མེད་པ་ཤེས་ཐུབ། ངོས་ལ་ཨ་རི་ནས་ཡིན་པའི་གྲོགས་པོ་ཚན་རིག་པ་ཨེ་རོན་བེག་(Aaron Beck) ཞུ་བ་ཞིག་ཡོད། ངོས་ཀྱིས་ཁོང་ཐོག་མར་མཇལ་བའི་སྐབས་ཁོ་རང་དགུང་ལོ་ ༨༤ ལ་ཕེབས་འདུག ངོས་ལས་བགྲེས་པ་འདུག ངེད་གཉིས་མཇལ་འཕྲད་མཐའ་མ་དེ་བྱུང་བའི་སྐབས་ཁོང་དགུང་ལོ་ ༩༦ གམ་ ༩༧ ལ་ཕེབས་འདུག ཁོ་རང་ཚན་རིག་པ་རེད། ཆོས་ལུགས་ལ་དད་པ་ཡོད་མཁན་དེ་འདྲ་མ་རེད། ཁོང་ཁྲོ་སོགས་ལས་བྱུང་བའི་མི་རྣམས་ཀྱི་སེམས་ཀྱི་དཀའ་ངལ་སེལ་ཆེད་ཁོང་གིས་མི་ལོ་བཅུ་ཕྲག་གསུམ་མམ་བཞིའི་རིང་སྐུ་ལས་བསྐྱོན་འདུག མཐར་ཁོང་གིས་མཇུག་བསྡོམས་འདི་འདྲ་ཞིག་མཛད་ཡོད། ང་ཚོའི་སེམས་ནང་ཁོང་ཁྲོ་མངོན་དུ་འགྱུར་པའི་ཚེ། ཁོང་ཁྲོའི་ཡུལ་དེ་ཧ་ཅང་ཡིད་དུ་མི་འོང་བར་སྣང་བ་དང་། དེའི་དབང་གིས་དེ་ལ་མི་དགའ་བར་གྱུར་ནས་ཐ་ན་གཞུ་འདོད་ཀྱང་སྐྱེ་ཡི་ཡོད། ཉམས་མྱོང་དེ་ངོས་ཐེ་བའི་ང་ཚོ་ཚང་མར་ཡོད། འོན་ཏེ་ཡིད་དུ་མི་འོང་བ་དེའི་བརྒྱ་ཆ་དགུ་བཅུ་ཙམ་ཁོང་ཁྲོ་ཟ་མཁན་དེའི་རྣམ་རྟོག་གིས་སྒྲོ་བཏགས་པ་ཞིག་རེད་འདུག་ཅེས་ངོས་ལ་གསུངས་བྱུང་། མགོན་པོ་ཀླུ་སྒྲུབ་ཀྱིས་སྔ་ས་ནས་དེ་ག་རང་གསུངས་ཡོད། དེར་བརྟེན་ནང་པའི་ལྟ་གྲུབ་ཀྱི་བསམ་བློ་གཏོང་སྟངས་དེ་དག་ནང་པའམ་ནང་པ་མིན་པ། ཆོས་ལ་ཡིད་ཆེས་ཡོད་མཁན་ནམ་མེད་མཁན་སུ་ཡིན་རུང་ཚང་མར་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད།

དཔལ་ནཱ་ལེནྡྲའི་དབུ་མ་པའི་མཁས་པ་ཆེན་པོ་མཁན་ཆེན་ཞི་བ་འཚོས་གང་ཉིད་དགུང་ལོ་མཐོན་པོར་ཕེབས་མིན་ལ་མ་ལྟོས་པར། བོད་ཀྱི་ཆོས་རྒྱལ་ཚོས་གདན་དྲངས་པ་ལྟར་དུས་རབས་བརྒྱད་པའི་ནང་བོད་ལ་ཕེབས་པ་རེད། ངོས་ཀྱི་བསམ་པར། མཚན་སྙན་ཤིན་ཏུ་ཆེ་བའི་མཁན་ཆེན་ཞི་བ་འཚོ་ཐོག་མར་བོད་ཀྱི་ས་ཐོག་ཏུ་ཕེབས་སྐབས་ཏན་ཏན་རྟའམ་གཡག་བཞོན་པ་དང་རྩམ་པ་བཞེས་དགོས་བྱུང་ཡོད་པས་སྐུ་ངལ་ཏོག་ཙམ་ཕྲད་ཡོད་ཀྱི་རེད། འོན་ཏེ་བོད་མིའི་ལྷད་མེད་ཀྱི་དད་སེམས་དང་མཛའ་སེམས་ཀྱི་རྣམ་འགྱུར་གཟིགས་པས་ཁོང་ཐུགས་མགུ་པོ་ཞེ་དྲག་བྱུང་སྟེ། གང་གི་སྐུ་ཚེ་ལྷག་མ་བོད་ལ་བཞུགས་པ་རེད། ངེད་བོད་མི་ཚོའི་དགེ་རྒན་ངོ་མ་དེ་དུས་རབས་བརྒྱད་པའི་ནང་གི་མཁས་གྲུབ་གཉིས་ལྡན་གྱི་ནཱ་ལེནྡྲའི་མཁས་པ་ཞིག་ཡིན་སྟབས། ཁོང་གི་རྗེས་འཇུག་ཡིན་པའི་ཆ་ནས་ངེད་བོད་མི་ཚོས་མི་ལོ་སྟོང་ཕྲག་རིང་ནཱ་ལེནྡྲའི་སྲོལ་རྒྱུན་མ་ཉམས་རྒྱུན་འཛིན་ཐུབ་པར། ངོས་རང་སྤོབས་པ་སྐྱེ་ཡི་འདུག

དེའི་ཕྱིར་ལོ་རྒྱུས་ཀྱི་ཐོག་ནས་ཁྱེད་རྒྱ་གར་བ་ཚོ་ངེད་བོད་མི་ཚོའི་དགེ་རྒན་ཡིན་པ་དང་། བོད་མི་རྣམས་རྒྱ་གར་གྱི་སློབ་མ་ཆགས་ཡོད། ད་ཆ་སྟབས་ལེགས་པའམ་མི་ལེགས་པ་གང་ཡིན་རུང་། དགེ་རྒན་ལས་སློབ་མ་ཤེས་རྒྱ་ཆེ་བ་ཆགས་ཡོད། གང་ལྟར་ཡང་ཤེས་བྱ་དེ་དག་ཁྱེད་རང་ཚོའི་ཤེས་བྱ་དང་ཁྱེད་རང་ཚོའི་རྩ་ཆེའི་ནོར་རེད། ད་ལྟའི་ཆར་འཛམ་གླིང་ནང་དམིགས་བསལ་སེམས་ཚོར་གྱི་ཐད་ནས་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་སྟབས། གཉན་འཕྲང་གི་དུས་ཚོད་འདི་ལྟའི་སྐབས་གནའ་བོའི་རྒྱ་གར་གྱི་རིག་གཞུང་འདི་གནའ་བོའི་དུས་སུ་ཙམ་མིན་པར། དེང་སང་གི་འཛམ་གླིང་ནང་འཚམ་པོ་དང་འཇུག་པོ་ཞེ་དྲག་ཡོད། དེར་བརྟེན་གནའ་བོའི་རྒྱ་གར་གྱི་རིག་གཞུང་དེ་ཉམས་པ་སླར་གསོ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ད་ཆ་རྒྱ་གར་བའི་ཁྲོད་ནས་གཞོན་སྐྱེས་མང་པོས་ཉིན་རེ་ལས་མ་བསྡད་པར་གནའ་བོའི་རྒྱ་གར་གྱི་བསམ་བློ་བ་དེ་དག་གི་ལྟ་བར་དོ་སྣང་ཙམ་མིན་པར། དངོས་སུ་སློབ་སྦྱོང་བྱ་རྒྱུའི་འདོད་པ་ཡོད་པ་མཐོང་སྐབས་ངོས་རང་ཧ་ཅང་དགའ་པོ་འདུག བློ་སྟོབས་སྐྱེ་འོས་པ་ཞིག་རེད། གནས་སྟངས་དེ་འདྲའི་སྐབས་དགེ་བཤེས་དགྲ་འདུལ་ལགས་ཀྱིས་སྣེ་ཁྲིད་པའི་དིལླཱི་བོད་ཁང་གིས་དེའི་ཐོག་ལས་དོན་ཧུར་ཐག་སྒྲུབ་བཞིན་པ་ཧ་ཅང་ཡག་པོ་རེད། སློབ་སྦྱོང་བྱེད་འདོད་ཡོད་མཁན་མང་པོ་ཡོད་ན། དགེ་རྒན་རྣམས་ཕན་ཐོགས་ཆེན་པོའམ་ཧུར་པོ་ཆགས་པ་དང་། ཉན་མཁན་ཡག་པོ་ཡོད་ན་ཤོད་མཁན་གྱིས་གང་བཤད་པ་དེ་འཇུག་པོ་ཆགས་ཤིང་། ཉན་མཁན་མེད་ན་ཤོད་མཁན་གྱིས་གང་བཤད་ཀྱང་ཕན་ཐོགས་མེད། དེ་གཉིས་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡོད། དེང་སང་ཉན་མཁན་ཡག་པོ་ཡོད་སྟབས་ངེད་ཅག་གི་ལས་དོན་འཕེལ་རྒྱས་འགྲོ་བཞིན་པར་སྣང་། དེ་ལ་ངོས་ཀྱིས་ཡི་རང་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

གོང་དུ་བཤད་པ་ལྟར། མཁས་གྲུབ་གཉིས་ལྡན་གྱི་ནཱ་ལེནྡྲའི་སྐྱེས་བུ་བཅུ་བདུན་དེ་དག་ལ་ངོས་ཀྱིས་ནམ་རྒྱུན་ནཱ་ལེནྡྲའི་སློབ་དཔོན་ཆེན་མོ་བཅུ་བདུན་ཞེས་འགྲེལ་བརྗོད་བྱེད་ཀྱི་ཡོད། ཁོང་རྣམས་ཀྱིས་ཆོ་ག་ཕྱག་ལེན་ཙམ་མ་གནང་བར་ལྟ་གྲུབ་ཀྱི་ཐོག་ནས་ང་ཚོའི་སེམས་དང་སེམས་ཚོར་ལ་བརྟག་དཔྱད་གནང་སྟེ་འགྲེལ་བརྗོད་ཞིབ་ཕྲ་གནང་སྟབས། དེ་དག་སྤྱི་ཡོངས་ཀྱི་ཤེས་ཡོན་གྱི་རིམ་པའི་ཐོག་ནས་སྦྱོང་རྒྱུ་ཧ་ཅང་འོས་པོ་དང་ཕན་ཐོགས་ཆེན་པོ་ཡོད། ནང་པའི་ཆོས་ཡག་ཤོས་རེད་ཅེས་ངོས་ཀྱིས་ནམ་ཡང་བརྗོད་ཀྱི་མེད། སྨན་ལ་མཚོན་ནའང་། ན་ཚ་དང་ནད་པ་གཞི་ལ་བཞག་སྟེ་སྨན་འདི་དང་དེ་ཡག་ཤོས་རེད་ཅེས་བརྗོད་ཆོག་ཀྱང་། སྤྱིའི་ཆ་ནས་སྨན་འདི་དང་དེ་ཡག་ཤོས་རེད་ཅེས་ནམ་ཡང་བརྗོད་མི་ཐུབ། དེ་བཞིན་དུ་ཁམས་དང་མོས་པ་མི་འདྲ་བའི་མི་མི་འདྲ་བར་ཆོས་ལུགས་ཀྱི་སྲོལ་རྒྱུན་འདི་དང་དེ་ཡག་ཤོས་རེད་ཅེས་བརྗོད་ཐུབ། འོན་ཏེ་སྤྱི་ཡོངས་ནས་འདི་ཡག་ཤོས་རེད་ཅེས་བརྗོད་མི་ཐུབ། མི་སོ་སོར་སོ་སོའི་ཆོས་ལུགས་དེ་ཡག་ཤོས་རེད། རྒྱུ་མཚན་དེ་ལ་བརྟེན་ནས་ངོས་ཀྱིས་ནུབ་ཕྱོགས་སོགས་སུ་ནང་ཆོས་ཁྱབ་སྤེལ་གཏོང་ཐབས་རྩ་བ་ནས་བྱེད་ཀྱི་མེད། ཕ་མེས་ནས་ཇིའུ་དང་ཡི་ཤུའི་ཆོས་ལུགས་སོགས་ཀྱི་རྒྱབ་ལྗོངས་ལྡན་པའི་རྒྱལ་ཁབ་དེ་དག་ནང་སོ་སོའི་སྲོལ་རྒྱུན་གྱི་ཆོས་དད་དེ་ཉིད་ཉམས་ལེན་བྱས་ན་གང་ས་ཅི་ཐད་ནས་ཕན་ཐོགས་ཆེ་བ་ཡོད། རྒྱ་གར་ལ་མཚོན་ན། འཕགས་པའི་ཡུལ་ཏེ། སངས་རྒྱས་པའི་ཆོས་ཡུལ་འདིར་ས་སྐྱེས་རྡོ་སྐྱེས་ཡིན་ཞིང་། གོང་དུ་བཤད་པའི་སློབ་དཔོན་ཆེན་མོ་བཅུ་བདུན་ཚང་མ་རྒྱ་གར་ལྷོ་ཕྱོགས་ནས་རེད། བྱང་ཕྱོགས་ནས་ཕལ་ཆེར་གཅིག་ཀྱང་མེད། དེར་བརྟེན་རྒྱ་གར་ལྷོ་ཕྱོགས་པ་ཚོའི་ཀླད་པ་དམིགས་བསལ་ཞིག་རེད་འདུག་ཅེས་སྐབས་རེར་རྩེད་མོའི་ཚུལ་དུ་བརྗོད་ཀྱི་ཡོད།

ཐུགས་རྗེ་ཆེ།

དིལླཱི་བོད་ཁང་དང་དྷརྨ་ས་ལར་རྟེན་གཞི་བྱས་པའི་བོད་གཞུང་སྨན་རྩིས་ཁང་གཉིས་ཟུང་འབྲེལ་ཐོག་ནས་གོ་སྒྲིག་ཞུས་པའི་ཉིན་བཞིའི་ལས་འཆར་གྱི་དབུ་འབྱེད་མཛད་སྒོ་དང་། རིམ་པ་བཞིན་དུ་ལོ་ ༥༠ འཁོར་བ་དང་ལོ་ ༡༠༠ འཁོར་བའི་དུས་དྲན་མཛད་སྒོའི་ཚོགས་མགོན་དུ་ཇི་ལྟར་གསོལ་བ་བཏབ་པ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གཟིགས་པ་ཆེན་པོས་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ། ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༩ ཉིན་ཏྱཱག་རཱཇའི་ཚོགས་ཁང་ཆེན་པོའི་ནང་མི་ཚེའི་དོན་སྙིང་དང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བརྗོད་གཞིའི་ཐོག་ཨིན་སྐད་ནང་མི་དམངས་ལ་བཀའ་སློབ་བཀའ་དྲིན་སྩལ་བ་དང་། བཀའ་སློབ་འདི་ཉིད་འདི་ལས་ནས་འབོད་སྐུལ་ཞུས་པ་བཞིན་བོད་ཀྱི་དཔེ་མཛོད་ཁང་གི་ལོ་ཙཱ་བ་ཚེ་རིང་ནོར་བུ་ལགས་ནས་བོད་སྒྱུར་ཞུས་པ་ཞིག་ཡིན།

ཕྱིར་གོང་དུ་ལོག

 
css templates