website templates free download

Table

༄༅། །ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྤེལ་ཐབས་སྐོར་ལ་དམིགས་བསལ་བཀའ་སློབ་ལམ་སྟོན། །

(ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༨ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་དགེ་རྒན་ཚོར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྤེལ་ཐབས་སྐོར་ལ་དམིགས་བསལ་བཀའ་སློབ་ལམ་སྟོན་གནང་བ།)

ད་ལྟ་རྣམ་པ་ཚོ་འཛོམས་པ་ནང་བཞིན་རེད། ང་ཚོ་བཙན་བྱོལ་བ་ཆགས་ནས་ཤེས་ཡོན་གྱི་ཐོག་ལ་གལ་ཆེ་དོན་ཆེར་བརྩིས་ཏེ་ལས་ཀ་བྱས་པ་རེད། ཞིབ་ཕྲ་ངས་བཤད་དགོས་པ་གང་ཡང་མི་འདུག ཚང་མས་ཤེས་གསལ་རེད། དེ་སྔ་བོད་ལ་ཡོད་པའི་སྐབས་ནས་ངས་བཀའ་བློན་ཚོར་དེ་དུས་ནས་འདི་འདྲ་བཤད་སྡོད་ཀྱི་ཡོད། གཞི་རྐང་ང་ཕོད་རེད། ང་ཕོད་རྒྱ་མི་ཚོ་ལའང་འབྲེལ་བ་བྱས། རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་བྱས་ཏེ་ཡོད། ད་ང་ཚོས་ཤེས་ཡོན་ཡར་རྒྱས་གཏོང་དགོས་ཀྱི་འདུག དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང་བྱེད་རྒྱུ་ཞིག་དགོས་ཀྱི་འདུག་ཅེས་ངས་དེ་དུས་ནས་བཀའ་བློན་ཚོ་ལ་ཞུ་མྱོང་།

དེ་ནས་ང་ཚོ་བཙན་བྱོལ་བ་ཆགས་ནས་སོ་སོར་རང་དབང་ཡོད་རེད། བོད་ལ་ཡོད་དུས་ཕྱོགས་གཅིག་ནས་ང་རང་ཚོ་རང་དབང་རེད་ཟེར་དགོས་རེད། གང་ལྟར་བོད་ཞི་བས་བཅིངས་གྲོལ་བཏང་ཞེས་འགྱུར་བ་ཞེ་དྲག་འགྲོ་ཡི་ཡོད་རེད། ཡིན་ནའང་། གང་ལ་གང་འཚམས་ཀྱི་དགའ་ལྡན་ཕོ་བྲང་ཟེར་ནའང་འདྲ། ས་གནས་སྲིད་གཞུང་ཟེར་ནའང་འདྲ། དེ་ལ་བྱེད་རྒྱུ་གང་ལ་གང་འཚམས་ཤིག་ཡོད་རེད། འོན་ཀྱང་གཅིག་བྱེད་དུས་ང་རང་ཚོ་བོད་པ་ཚོ་སྔར་ལམ་གྱི་ལུགས་སྲོལ་དེད་ནས་འགྲོ་རྒྱུ་ཞིག་ཡོད་པ་རེད། སྔར་ལམ་རེད། སྔར་ལམ་རེད། སྔར་མེད་གསར་གཏོད་བྱས་ན་ཡག་པོ་ཡོད་མ་རེད་ཅེས་བྱབ་ཆུང་དོན་དག་གཏན་ནས་མེད་པ་དེ་འདྲ་ལ་གལ་ཆེན་པོར་བརྩིས། ངས་ད་ལྟ་གསལ་པོ་དྲན་གྱི་འདུག ལོ་གསར་ཚེས་གཏོར་ལ་གཞུང་ཞབས་སེར་སྐྱ་ཚོ་ཡོང་གི་རེད། བཀའ་བློན་ཚོའང་ཡོད། ང་ཚོ་ཉིན་ཞིག་ཚེས་གཏོར་འཚོགས་ནས་བསྡད་ཡོད་སྐབས། དྲུང་འཁོར་སྤྲགས་ལགས་ཞེས་སྤོ་བོ་མིག་ཕྲན་བུ་ཡག་པོ་མེད་པ་ཞིག་ཡོད་པ་ཁོང་རྗེས་ལུས་ཐེབས་ཏེ་མར་ནས་ཡར་སླེབས་སོང་། གུས་ཞབས་ཀྱི་རྣམ་འགྱུར་གང་ཡང་མེད་པར་འཐོམ་འཐོམ་ལ་སླེབས་སོང་། དེའི་རྗེས་སུ་སྲིད་སྐྱོང་གི་ཤོད་འགག་ནས་ཉེས་པ་བཏང་ཡོད། དེ་ཉེས་པ་གཏོང་འོས་པ་ཞིག་མ་རེད། ཆོ་ག་རེ་ཡོད་རེད་དམ། (ཞེས་བཞད་མོ་ཡུན་རིང་བཞད།) དེ་ལྟར་བྱབ་ཁྱོན་ནས་མེད་པ་དེ་འདྲ་ལ་གལ་ཆེན་བརྩིས། དོན་དག་ཆེ་སའི་ཐོག་ལ། ཁ་ཡོད་ལག་ཡོད་ཀྱི་བསམ་བློ་གཏོང་གི་མེད། དེང་སང་གི་གནས་ཚུལ་ལ་རན་པའི་བསམ་བློ་འཁོར་གྱི་མེད་པ་རེད།

ང་ཚོ་རྒྱ་གར་ལ་སླེབས་ནས་དེ་སྔའི་ལམ་ལུགས་འདེད་དགོས་རྒྱུ་གང་ཡང་མེད། ཐབ་གསར་གཞིས་གསར་ཆགས་ཡོད། དེ་འདྲའི་གནས་ཚུལ་འོག་ཤེས་ཡོན་གྱི་འགྲོ་སོང་པཎྜིཏ་ནེཧརཱུ་ཡོད་པའི་སྐབས་ནས་རྒྱ་གར་གཞུང་གིས་འགན་ཆ་ཚང་བཞེས་ནས་ཞེ་དྲག་ཡག་པོ་ཡིན། ང་རང་ཚོས་རང་དབང་ལུང་པའི་ནང་ལ་སོ་སོའི་ནུས་པ་འདོན་ཐུབ་པའི་གོ་སྐབས་ཤིག་བྱུང་ཡོད། ད་ལྟ་བར་དུ་ཡག་ཐག་ཆོད་ཟེར་དགོས་པ་རེད། ཡིན་ན་ཡང་ང་རང་ཚོའི་ལས་ཀ་མང་པོ་ཞིག་འགོ་འཛུགས་པའི་སྐབས་ཨ་གསར་དང་སྦྲགས་ཏེ། ཧུར་ཧུར་རིལ་རིལ་གང་འཚམ་ཡོད་པ་དང་། ཡང་དེ་རྗེས་འཆར་ཅན་འཆར་ཅན་སྒང་ལ་ཕྱིན་ནས། ཁ་ཐུག་ཁ་ཐུག་ང་ཚོ་བོད་པའི་དཔེ་ལ་ཡོད་པ་བཞིན་ཡར་རླངས་མར་ཐིགས་མེད་པ་ཞིག་བྱུང་ན་དེ་གས་འགྲིགས་པ་ལྟ་བུའི་གནས་ཚུལ་ཞིག་ཡོང་གི་འདུག ཡར་རྒྱས་ལ་མཐའ་མེད་པས། ཡར་རྒྱས་གཏོང་དགོས་པ་རེད། ཡར་རྒྱས་གཏོང་བ་ལ་ང་ཚོའི་ནམ་རྒྱུན་གྱི་འཆར་ཅན་བྱེད་སྟངས་ལ་ཆོག་ཤེས་བྱས་ཏེ་འགྲིགས་ཡོད་སྙམ་པ་མིན་པར། ད་དུང་སྐྱོན་ཆ་ག་རེ་ལྷག་གི་འདུག དེ་དག་སྐྱོན་སེལ་ག་འདྲ་བྱེད་དགོས་འདུག ལེགས་ཆ་ཁ་སྣོན་དང་ཡར་རྒྱས་གཏོང་རྒྱུ་ག་རེ་འདུག ང་ཚོ་དུས་དུས་ལ་འཚོགས་ནས་གོ་བསྡུར་དང་། བགྲོ་གླེང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་འདུག དེ་ལ་ཚང་མས་ཁུར་མཉམ་ལེན་བྱེད་དགོས། སྔོན་མ་བཀའ་སྒུག་རིང་ལུགས་ཟེར་གྱི་ཡོད། སྔོན་མ་བཀའ་ཤག་ལ་མཚམས་རེ། ཁྱེད་རང་ཚོས་བཀའ་སྒུག་རིང་ལུགས་བྱེད་ཀྱི་འདུག ང་ཚོས་འདི་ནས་བསམ་བློ་བཏང་སྟེ་མར་ལབ་པ་བྱེད་པ་མ་གཏོགས། སོ་སོས་བསམ་བློ་བཏང་ནས་རང་འགུལ་གྱི་ཐོག་ནས་བྱེད་རྒྱུ་ཞེ་དྲག་མེད་པར་བཀའ་སྒུག་ནས་བསྡད་རྒྱུ་ཞིག་རེད།

དེར་བརྟེན་ང་རང་ཚོའི་འཛིན་སྐྱོང་གི་སྡེ་ཚན་གང་ཡིན་ནའང་ཤེས་རིག་ལས་ཁུངས་ནས་བཀའ་ཕེབས་སོང་ན་དེ་བྱས། སོ་སོས་ནམ་རྒྱུན་འཆར་ཅན་དེ་རང་བྱེད་པ་མ་གཏོགས་གཞན་ཞེ་དྲག་རང་བྱེད་རྒྱུ་མེད་པ་ཞིག་བྱས་ན་འཐུས་ཤོར་འགྲོ་ཡི་རེད། དེ་འདྲ་ཡིན་དུས་ང་རང་ཚོ་ཚང་མས་ཁུར་མཉམ་ལེན་བྱས་ནས་ཧུར་ཐག་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ད་ལྟ་ཁོ་གཉིས་ཀྱིས་གསུངས་པ་དེ་ཚོའི་ཐོག་ཚང་མས་སེམས་ལ་ཚོར་བ་ཡོད་པ་ཞིག་དང་། ལྷག་པར་དུའང་བྱམས་བརྩེ་ཟེར་དུས། བ་ཡ་བཏགས་བྱ་མ་ས་བྱམས། བ་འོག་ར་ཙ་བཏགས་བརྩ་འགྲེང་བུ་བརྩེ་ཞེས་པའི་སྐད་ཆ་གཅིག་པུ་མ་རེད། དགེ་རྒན་རང་ཉིད་ཀྱིས་མི་ལ་མར་བྱམས་བརྩེའི་ངོ་སྤྲོད་དང་བསླབ་བྱ་བྱེད་པའི་སྐབས་ལ། དགེ་རྒན་རང་ཉིད་ཀྱི་ཉིན་རེ་ཉིན་རེའི་འཚོ་བ་དང་། ལྷག་པར་དུའང་འཛིན་གྲྭ་འཚོགས་ཏེ་ཕྲུ་གུ་ཚོར་འགྲེལ་བཤད་རྒྱག་དུས་བྱམས་བརྩེ་ལྡན་པའི་ཐོག་ནས་ཕྲུ་གུའི་མི་ཚེའི་མདུན་ལམ་དེ་སོ་སོས་སེམས་ཁུར་བླངས་ཏེ། ཁ་ཐུག་འཛིན་གྲྭ་འཚོགས་རིང་གི་སློབ་ཚན་གང་ཡོད་པ་དེ་རྒྱུགས་འཕྲོད་ཙམ་བཤད་པ་གཅིག་པུ་མིན་པར། སྒྲ་སྡུད་འཁོར་ལོ་ (tape recorder) བཏང་བའི་བཟོ་འདྲ་པོ་མིན་པར་ཚོར་བ་ཡོད་པ་ཞིག ད་ལྟ་བློ་བཟང་སེངྒེ་ལགས་ཀྱིས་གསུངས་པ་དེ་རེད། དགེ་རྒན་བྱམས་བརྩེ་ལྡན་པའི་ཐོག་ནས་སློབ་ཁྲིད་བྱེད་མཁན་དེ་དག་ཕྲུ་གུའི་བསམ་བློའི་ནང་རང་བཞིན་གྱིས་གུས་པ་དང་བརྩེ་བ་སླེབས་དུས། རྒན་ལགས་དེས་བསླབས་པ་དེ་ཕྲུ་གུའི་སེམས་ལ་ཟུག་སྟེ་སྡོད་པ་དང་། ཡང་གུས་པ་དང་བརྩེ་བ་དེ་འདྲའི་སེམས་ཁུར་དེ་ཙམ་མེད་པ་ཞིག་ཡིན་ན། འཛིན་གྲྭ་འཚོགས་དུས་ཁྲལ་གྱི་བཟོ་ལྟ་བུ་ཞིག་བྱས་ན། མ་འོངས་པར་ཕྲུ་གུའི་སེམས་ཀྱི་ནང་བསླབས་པ་དེ་དག་དེ་ཙམ་ཟུག་པོ་མེད་པ་ལྟ་བུ་ཡོང་བ་ནི་དངོས་ཡོད་གནས་ཚུལ་རེད།

ང་རང་ཚོས་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་བཤད་དུས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག དེ་ཉིད་རབ་ཏུ་རྟོགས་ལ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་ཅེས་གསུངས་ཡོད། སྐྱོ་བ་སྤངས་པ་ཞེས། ང་ཚོའི་སྤྱིར་བཏང་ཤེས་ཡོན་གྱི་དགེ་རྒན་ལ་ཆ་བཞག་ཀྱང་དོན་ལ་དེ་དག་ཚང་དགོས། དེ་ཁོ་ན་ཉིད་རྟོགས་པ་དགོས་མིན་གང་ཤེས་ཏེ། གང་ལྟར་བརྩེ་བ་ཞེས་པ་འདི་ཞེ་དྲག་གལ་ཆེན་པོ་རེད་འདུག ༧རྗེ་རིན་པོ་ཆེའི་ལམ་རིམ་ཆེན་མོའི་ནང་དུ། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཞེས་པའི་མདོ་སྡེ་རྒྱན་གྱི་ཚིག་དེའི་མར་འགྲེལ་བཤད་བསྐྱོན་པའི་སྐབས། རང་མ་དུལ་བར་གཞན་འདུལ་བའི་གནད་མེད་པས། གཞན་རྒྱུད་འདུལ་བར་འདོད་པས་མི་དེས་ཐོག་མར་རང་གི་རྒྱུད་བཏུལ་བ་ཞིག་དགོས་སོ། །ཞེས་གསུངས་འདུག

དེ་བཞིན་ང་ཚོ་འདིར་དགེ་ཕྲུག་ཚོར་བྱམས་བརྩེ་སྤེལ་རྒྱུའི་སློབ་ཁྲིད་དང་ངོ་སྤྲོད་བྱེད་རྒྱུ་ཞིག་ཆགས་ཡོང་དུས། སྔོན་ལ་སོ་སོ་རང་ཉིད་ལ་བྱམས་བརྩེའི་ཚོར་བ་ཡོད་པ་ཞིག་བྱས། ནང་ལ་སྡོད་དུས་གདོང་ནག་པོ་བསྟན་ནས་རྒྱ་འདྲེ་རྒྱག་གི་ཡོད་ནའང་། འཛིན་གྲྭ་འཚོགས་དུས་འཛུམ་ཤིག་ཤིག་བྱེད་དགོས་རེད། དགེ་རྒན་རང་གིས་ཀྱང་རྒྱབ་མདུན་ངོ་ལྐོག་ཏོག་ཙམ་ཏོག་ཙམ་ཡོད་པ་བྱས། ཕྲུ་གུ་ཚོ་ལའང་རྒྱབ་མདུན་ངོ་ལྐོག་ཕར་བསླབ་རྒྱུ་འདྲ་པོ་གཅིག (བཞད་མོ་བཞད།) གང་ལྟར་བྱམས་བརྩེ་ཞེས་པ་དེ་ང་རང་ཚོ་བོད་པ་གཅིག་པུའི་སྐད་ཆ་མ་རེད། འཛམ་བུ་གླིང་སྤྱིའི་ནང་ང་ཚོས་ཉིན་རེ་ཉེན་རེའི་གསར་འགྱུར་ཉན་དུས། ཨ་ཙི་ད་མི་ཡིས་མི་ལ་སྡུག་པོ་བཏང་ནས། མི་ཡིས་མི་གསོད་རེས་གཏོང་རྒྱུ། མི་ཡིས་མིར་སྡུག་པོ་གཏང་རྒྱུ་དེ་ཧ་ལས་པ་ཞིག་འདུག ད་གང་དྲག་བསམ་ནས་སྨོན་ལམ་བརྒྱབ་བསྡད་པས་ཕན་རྒྱུ་གང་ཡང་མི་འདུག དུས་ད་ལྟ་བར་དུ་ཆོས་ཁས་ལེན་མཁན་ཚོས་སོ་སོའི་རང་རང་གི་སྟོན་པ་ཟེར་ནའང་མི་འདུག དཀོན་མཆོག་ཟེར་ནའང་མི་འདུག དེ་ལ་གསོལ་བ་བཏབ་སྟེ་བསྡད་པ་རེད། ཕན་རྒྱུ་གང་ཡང་མི་འདུག མིས་བཟོས་པའི་རྙོག་དྲ་དེ་མིས་སེལ་རྒྱུ་རེད་མ་གཏོགས། གཞན་ལྷ་ལ་གསོལ་བ་བཏབ། དཀོན་མཆོག་ལ་གསོལ་བ་བཏབ་ནས་སེལ་ཐུབ་རྒྱུ་ཡོད་པ་མ་རེད། དེ་ངས་ཐག་བཅད་ནས་བཤད་ཐུབ་ཀྱི་རེད། ང་རང་ལ་ཆ་བཞག་ན་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་རེད། ཁ་འདོན་དགེ་སྦྱོར་ཆུ་ཚོད་ལྔ་ཙམ་བྱེད་ཀྱི་ཡོད། དེའི་སྐབས་སྒོམ་བརྒྱབ་ནས་དཔྱད་སྒོམ་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དྲན་པའི་ཐོག་ནས་རྩེ་གཅིག་ཏུ་སྐྱབས་སུ་འགྲོ་རྒྱུ་དང་། གཙོ་བོ་གཙོ་བོ་བཅོམ་ལྡན་འདས་ཀྱི་བསླབ་བྱ་ཟབ་པ་དང་རྒྱ་ཆེ་བའི་ཆོས་སྐོར་དེ་ཚོ་ཉིན་རེ་བཞིན་དུ་བསམ་བློ་བཏང་སྟེ་འགྲོ་ཡི་ཡོད། འཛམ་བུ་གླིང་སྤྱིའི་ཐོག་བསམ་བློ་གཏོང་དུས། ང་ཚོ་བོད་པར་ཆ་བཞག་ནའང་། ང་ཚོས་རྒྱ་མི་མ་ཡོང་གོང་ལ་ཞབས་བརྟན་ཞེ་དྲག་འཚོགས་པ་ཡིན། གང་ཡང་ཕན་མ་སོང་ང་༑ ཤེས་སོང་ངམ། སྐབས་རེར་དེ་འདྲ་ཡང་དྲན་གྱི། ཆོས་སྐྱོང་ཚོའི་ལུང་བསྟན་ཡང་སྔ་ས་ནས་འཛམ་གླིང་ཕྱི་ལ་འབྲེལ་བ་བྱེད་དགོས་གསུང་དགོས་པ་ཡིན་ཡང་། དེ་གསུང་མཁན་བྱུང་མི་འདུག་ག (བཞད་མོ་བཞད།) དེར་བརྟེན་ང་རང་ཚོ་མི་རང་གིས་འགུལ་སྐྱོད་མ་བརྒྱབ་ན། སྔར་ལམ་ཟེར་བ་ཁོ་རང་འདེད། བྱབ་མེད་པ་ཞིག་གི་སྒང་ལ་ཕྱིན་པ་དེས་ང་རང་ཚོའི་ལུང་པ་ཤོར། ཐབས་སྐྱོ་པོ་འདི་བྱུང་བ་རེད།

ལོ་རྒྱུས་ཀྱི་ཐོག་ནས་ཡར་དེད་པ་ཡིན་ན། ཆོས་རྒྱལ་བཀའ་དྲིན་ཅན་ཚོའི་སྐབས་དུས་རབས་བདུན་པ་དང་། བརྒྱད་པ། དགུ་པ། དེ་ཚོའི་སྐབས་ལ་བོད་ཅེས་ཟེར་དུས་སྟོབས་ལྡན་རྒྱལ་ཁབ་གཅིག རྒྱ་བོད་ཧོར་གསུམ་ཞེས་སྟོབས་ལྡན་རྒྱལ་ཁབ་བྱས་ཏེ་བསྡད་པ་རེད། དེ་ནས་བོད་སིལ་བུ་ཆགས། དེ་ཚོ་སྤྱི་སེམས་མེད་པས་ཆགས་འདུག ཆེ་སའི་ཐོག་བསམ་བློ་མ་འཁོར་བར། ཆུང་ས་ནས་ཕྲག་དོག་དང་། འགྲན་སེམས་དང་། རྒྱལ་པོའི་ཁྱིམ་ཚང་ལ་དགའ་མི་དགའ་བྱས་ཏེ། གླང་དར་མས་མངའ་བདག་ཁྲི་རལ་པ་ཅན་མགུལ་གཅུས་ཏེ་བཀྲོངས་པ་རེད་བཤད་ཀྱི་འདུག དེ་ནས་བྱས་ཏེ་སྤྱི་པའི་དོན་དག་ལ་བསམ་བློ་གཏོང་མཁན་ཧ་ཅང་ཉུང་ཉུང་རེད་འདུག སྟབས་ལེགས་པ་ཞིག་ལ་སངས་རྒྱས་ཀྱི་བསྟན་པ་འདིས་བོད་ཆོལ་ཁ་གསུམ་ཡོངས་རྫོགས་གོང་བུ་གཅིག་གྱུར་དུ་བསྡད་ཐུབ་པ་བྱུང་བ་རེད། ཆབ་སྲིད་ཀྱི་ཐོག་ནས་རྦད་དེ་ང་ཚོས་ཀོ་ཐག་གློད་འདུག དེ་འདྲའི་གནས་སྟངས་ཀྱི་ཐོག་ནས་ང་ཚོ་ཐབས་སྐྱོ་པོ་འདི་འདྲ་ཆགས་པ་རེད། བོད་མི་རིགས་རིག་གཞུང་དང་བཅས་པ་གནས་དང་མི་གནས་ཀྱི་མཚམས་ལ་སླེབས་ཏེ་ཐབས་སྐྱོ་པོ་རེད། དེ་སྔ་བོད་ལ་དེ་འདྲའི་རྐྱེན་ངན་མང་པོ་བྱུང་ཡོད་ཀྱང་། བོད་མི་རིགས་ཀྱི་རིག་གཞུང་བཅས་པ་རྩ་མེད་འགྲོ་བ་དེ་འདྲ་ཧ་ལམ་བྱུང་མེད། དེ་རིང་ཁ་སང་ཀྲུང་གོ་གུང་ཁྲན་ཏང་དམར་པོའི་རྒྱལ་ཁབ་གཅིག་སྡུད་རིང་ལུགས་ཡིན་དུས། ལས་ཀ་ཤུགས་ཆེན་པོ་དང་ཚགས་ཚུད་པོ་བྱེད་མཁན་ཞིག་རེད། དེ་འདྲ་ཞིག་གིས་སྲིད་བྱུས་ཤིག་འཛིན་ཡོང་དུས། དེ་སྔ་རྒྱ་མིའི་དཔོན་པོ་དང་དམག་དཔོན་དེ་འདྲ་ཡོང་ནས་དགོན་པ་མེར་བསྲེགས་བཏང་བ་དེ་འདྲ་ཁམས་ཁུལ་དང་ཨ་མདོ་ཁུལ་དུ་མང་པོ་བྱུང་བ་དེ་ཙམ་ལས་གཞན་བྱུང་མེད། ད་ཆ་བོད་རྒྱ་ཁྱབ་ཡོངས་རྫོགས་ག་འདྲ་ཆགས་ཡོང་བསམ་པའི་བློ་གཡེང་བྱེད་དགོས་པའི་དུས་ལ་སླེབས་འདུག ཡིན་ནའང་། བོད་ནང་ལ་ཡོད་བསྡད་པའི་གཞིས་ལུས་རྒྱ་ཆེ་མི་དམངས་དེ་དག་ཧ་ལས་པའི་སེམས་ཤུགས་རེད། སྙིང་རྗེ། ད་ལྟ་བོད་ཕྲུག་རྒྱ་ནག་གི་སློབ་གྲྭར་ཁྲིད་དེ༑ བོད་སྐད་གཏན་ནས་རྒྱག་མི་ཆོག་པ་དང་། སོ་སོའི་ནང་ཁྱིམ་ལ་འབྲེལ་བ་བྱེད་མི་ཆོག་པ། སློབ་གྲྭའི་ནང་དུ་ཆོས་ལ་སྐྱོན་བརྗོད་བྱས་ཏེ། ཆོས་མེད་རིང་ལུགས་ཆེད་མངགས་བསླབས་ཡོད། དེ་འདྲའི་ཕྲུ་གུ་ཁ་ཤས་ཀྱི་གནས་ཚུལ་ཉེ་ཆར་ཚགས་པར་ནང་དུ་ཐོན་སོང་། ཕྲུ་གུ་དེ་ཚོར་སྐད་ཆ་འདྲི་དུས་ཆོས་ནི་ང་ཚོའི་སེམས་ནང་རྩ་བ་ནས་བརྗེད་ཡས་མེད་ཅེས་བརྗོད་འདུག

གང་ལྟར་མི་རབས་བརྗེ་འགྲོ་ཡི་ཡོད་ཀྱང་བོད་མི་རིགས་ཀྱི་རིགས་ཞེན་དང་སོ་སོའི་མི་རིགས་ཀྱི་ནང་པ་སངས་རྒྱས་པའི་ཆོས་ལུགས་འདིའི་ཐོག་བློ་རྩ་ཧ་ཅང་བརྟན་པོ་རེད་འདུག དངོས་གནས་སྲོག་ཉེན་གྱི་འོག་སྡོད་མཁན་ཚོས་དེ་ལྟར་དཀའ་ལས་རྒྱག་དུས། ང་ཚོ་རང་དབང་ལུང་པར་ཡོད་མཁན་ཚོས་ངེས་པར་དུ་ཤུགས་རྒྱག་དགོས་པ་ཆགས་ཡོད། དེ་ནས་དེ་རིང་ཁ་སང་འཛམ་བུ་གླིང་འདིའི་ཐོག་བོད་ཀྱི་སངས་རྒྱས་པའི་ཆོས་དང་། བོད་ཀྱི་རིག་གཞུང་ཞེས་བརྗོད་དུས་དེ་སྔ་མཐོང་ཆུང་དང་། ཁྱད་གསོད་བྱེད་ཀྱི་ཡོད་ཀྱང་དེ་རིང་ཁ་སང་བོད་ཀྱི་རིག་གནས་ནང་ནས་ཚུར་སློབ་སྦྱོང་གི་རེ་བ་བྱེད་མཁན། དཔེར་ན། ཚན་རིག་པ་དང་། ཤེས་ཡོན་ཅན་གྱི་ནང་ནས་ཡོང་གི་ཡོད་པ་དེ་འདྲའི་དུས་མཚམས་ཤིག་ལ་ང་ཚོ་སླེབས་བསྡད་ཡོད། དེ་འདྲ་ཡིན་དུས་ང་རང་ཚོ་བོད་པ་དངོས་གནས་གཙོ་བོ་རྒྱ་གར་མཁས་པའི་བཀའ་དྲིན་ཡིན་ཞེས་ངས་རྟག་པར་ནཱལེནྡྲའི་པཎ་གྲུབ་བཅུ་བདུན་ཞེས་པའི་མཁས་པའི་དབང་པོའི་ལེགས་བཤད་མང་བ་གཙོ་ཆེ་བ་ཆ་ཚང་ཡོད་པ་དེ་ཡང་བོད་ཡིག་ནང་བསྒྱུར་ནས་བཀའ་འགྱུར་བསྟན་འགྱུར་ཞེས་རྩ་ཆེན་པོ་བྱས་ནས་ཡར་བསྒྲིགས་པ་གཅིག་པུ་མ་ཡིན་པར། སློབ་སྦྱོང་བྱས་ནས་ལོ་ཉི་ཤུ་སུམ་ཅུ་ཁ་དོག་དཀར་དམར་ནས་བཟུང་འཛིན་གྲྭ་ཁག་འགྲིམས་ནས་རྩ་བ་བློ་ལ་བཟུང་སྟེ་སློབ་སྦྱོང་བྱས། འགྲེལ་པ་ཚིག་རེ་རེར་འགྲེལ་བཤད་བརྒྱབ། དེ་ཡང་རྒྱ་གར་མཁས་པའི་འགྲེལ་པ་ཁག་ལ་ཁུངས་གཏུགས་ནས་འགྲོ་ཡི་ཡོད། འགྲེལ་བཤད་དེ་ཚོ་ཡང་བཅོམ་ལྡན་འདས་རང་ཉིད་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། ། བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་པ་འདི་འཛམ་བུ་གླིང་འདིའི་ཐོག་སྟོན་པ་མང་པོ་ཡོད་ཀྱང་དེ་འདྲ་གསུང་མཁན་སངས་རྒྱས་བཅོམ་ལྡན་འདས་གཅིག་པུ་མ་གཏོགས་གཞན་སུ་གཅིག་མེད། ཁྱེད་རང་ཚོས་དོན་དག་ཤེས་ཀྱི་རེད། ངས་འགྲེལ་བཤད་རྒྱག་དགོས་དོན་གང་ཡང་མི་འདུག སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་འདི་རིགས་པའི་ལམ་ལ་བརྟེན་ནས་བཤད་རྒྱུ་ཡོད་པ་ཞིག་དང་། རིགས་པའི་ལམ་ལ་བརྟེན་ནས་གཏན་ལ་དབབ་རྒྱུ་ཡོད་པ་ཞིག་ཡིན། རིགས་པའི་ལམ་ནས་བཅོམ་ལྡན་འདས་ཀྱི་གསུང་ལ་སྐྱོན་ཞིག་དང་། འགལ་ཟླ་ཞིག་མཐོང་བ་ཡིན་ན། བཅོམ་ལྡན་འདས་ཀྱི་གསུང་དེ་དགོས་པའི་དབང་གིས་གསུངས་པ་རེད་མ་གཏོགས། སྒྲ་ཇི་བཞིན་པ་ཁས་བླང་དགོས་པ་མ་རེད་ཅེས་བཤད་རྒྱུ་ཞིག་བཅོམ་ལྡན་འདས་ཀྱིས་ང་ཚོར་གནང་ཡོད། ནཱ་ལེནྡྲའི་མཁས་པ་ཚོས་ཀྱང་དེ་གཞི་བཟུང་བྱས་ནས་བཅོམ་ལྡན་འདས་ཀྱི་བཀའ་མདོ་སྡེ་བྱེ་བྲག་པ་དེ་འདྲ་ང་ཚོས་སྒྲ་ཇི་བཞིན་པ་ཁས་བླངས་ན་ཡོང་གི་མ་རེད་ཅེས་གསུང་གི་ཡོད། ང་ཚོ་དེ་དག་རྒྱུན་འཛིན་བྱེད་མཁན་ཞིག་ཆགས་ཡོད།

དེ་རིང་ཁ་སང་འཛམ་བུ་གླིང་འདིའི་ཐོག་ཧ་ལམ་ནང་པ་དུང་ཕྱུར་བཅུ་ཟིན་གྱི་མེད། དུང་ཕྱུར་བཅུ་ཟེར་དུས་ billion ཐེར་འབུམ། ཐེར་འབུམ་གཅིག་ཕལ་ཆེར་ཟིན་གྱི་མེད། སྔོན་མ་ཡི་ཤུ་ཐེར་འབུམ་གཅིག ཁ་ཆེ་ཐེར་འབུམ་གཅིག ཧིན་དཱུ་ས་ཡ་དྲུག་བརྒྱ་ཟེར་གྱི་ཡོད། སྔོན་མ་ནང་པ་ས་ཡ་སུམ་བརྒྱ་བཞི་བརྒྱ་ཟེར་གྱི་ཡོད། དེ་རིང་ཁ་སང་རྒྱ་ནག་ནང་ནང་པ་མང་པོ་ཞིག་འཕེལ་འདུག་སྟབས། ད་ཆ་ཕལ་ཆེར་ནང་པ་ཡང་ཐེར་འབུམ་གཅིག་ལོངས་ཀྱི་མེད་དམ། ནང་པ་དེ་ཚོའི་ནང་ནས་རྒྱ་གར་མཁས་པའི་གཞུང་རྩ་བ་བློ་ལ་འཛིན། འགྲེལ་པ་དེ་ཚོའི་བཤད་པ་ཆ་ཚང་ཞིག་ཤེས་པ་བཅས་བྱེད་མཁན་ང་ཚོ་བོད་གངས་ཅན་ལྗོངས་གཅིག་པུ་མ་གཏོགས་ནང་པའི་རྒྱལ་ཁབ་གཞན་སུ་གཅིག་ལའང་མི་འདུག ཚད་མ་རིག་པས་དཔྱད་པ་བྱས། འདི་ཡིན་ན་འདི་ཡིན་དགོས་ཀྱི་རེད། འདི་ཡིན་ན་འདི་ཡིན་དགོས་ཀྱི་རེད་ཅེས་པའི་དཔྱད་པ་བྱེད་རྒྱུ་འདི་ང་ཚོ་བོད་པ་ལ་མ་གཏོགས་མེད། དེ་དག་ནི་དངོས་གནས་ང་ཚོ་བོད་མི་རིགས་ཀྱི་སྤོབས་པ་སྐྱེ་འོས་པ་ཞིག་ཡོད། རྒྱ་གར་མཁས་པའི་རྣམ་དཔྱོད་ཧ་ལས་པ་དེ་དག་ང་ཚོ་བོད་པས་བདག་པོ་ཆ་ཚང་བ་ཞིག་བརྒྱབ་ཡོད་པ་རེད།

དེ་དག་ནི་སྔ་མོའི་རྒྱ་གར་མཁས་པའི་གཞུང་རེད་ཟེར་རྒྱུ་ཞིག་རེད་མི་འདུག དེ་རིང་ཁ་སང་འཛམ་བུ་གླིང་འདིའི་ཐོག་གི་དངོས་ཡོད་གནས་ཚུལ་ལ་ལྟོས་དང་། གང་ལྟར་སེམས་ཁམས་རིག་པའི་འགྲོ་སྟངས་མ་ཤེས་པར་བརྟེན་ནུབ་ཕྱོགས་ལ་ཡོད་པའི་ཆོས་ལུགས་ཡི་ཤུ་དང་། ཁ་ཆེ་དེ་ཚོའི་གྲས་རྩ་བ་བྱམས་པ་དང་། སྙིང་རྗེ། བཟོད་པ། ཆོག་ཤེས་བཅས་བཤད་ཀྱི་ཡོད་པ་ཧ་ཅང་ཡག་པོ་རེད། ཡིན་ནའང་། ཞི་གནས་བསྒོམ་རྒྱུ་དང་། ལྷག་མཐོང་བསྒོམ་རྒྱུ་མེད་པ་ཡིན་དུས་སེམས་ཁམས་རིག་པའི་སྐོར་ཞེ་དྲག་འཐོན་གྱི་མི་འདུག དཀོན་མཆོག་ལ་དད་པ་བྱེད་རྒྱུ་དེ་རྐྱང་རྐྱང་ཐོག་འགྲོ་བསྡད་ཀྱི་འདུག རྒྱ་གར་གྱི་ཕྱི་པ་དང་ནང་པ་དབྱེ་བ་མེད་པར་མང་ཆེ་བ་དེ་དག་གིས་ཞི་གནས་དང་ལྷག་མཐོང་བསྒོམ་རྒྱུ། འཇིག་རྟེན་གྱི་ལྷག་མཐོང་བསྒོམ་རྒྱུ། ཞི་ལྷག་གི་རྣམ་པ་ཅན་གྱི་ལམ་བསྒོམ་རྒྱུ་ཞེས་པ་མུ་སྟེགས་པའི་གཞུང་ནང་དུའང་ཡོད་པ་རེད། དེར་བརྟེན་ཞི་ལྷག་གི་རྣམ་པ་ཅན་གྱི་ལྷག་མཐོང་བསྒོམ་རྒྱུ་ཞེས་བཤད་ཡོང་དུས། སེམས་ལ་ཇི་ལྟར་བཟོ་ལྟ་བཟོ་དགོས་མིན། བྱིང་བ་དང་རྒོད་པ། ཁྲོ་བ་དེ་ཚོའི་གྲས་ཇི་ལྟར་འགོག་དགོས་མིན། བྱམས་པ་དང་བརྩེ་བ་ཇི་ལྟར་ཡར་རྒྱས་གཏོང་དགོས་མིན། ཁོང་ཁྲོའི་གཉེན་པོ་བཟོད་པ་ཇི་ལྟར་བསྒོམ་དགོས་མིན་དེ་ཚོའི་གྲས་ནན་ཏན་བྱས་ཏེ་བཤད་ཀྱི་འདུག དེ་འདྲ་ཡིན་དུས་གང་ལྟར་རྒྱ་གར་མཁས་པའི་གཞུང་དེ་དག་ནང་སེམས་ཁམས་རིག་པ་དེ་ཤུགས་ཆེན་པོ་ཡོད་པ་ཞིག་རེད་འདུག

འོན་ཀྱང་དུས་ཕྱིས་རྒྱ་གར་ནང་ཆོས་ཞེས་བརྗོད་དུས་སྨོན་ལམ་རྒྱག་རྒྱུ་དང་། འདོན་པ་འདོན་རྒྱུ་ཞིག་མ་གཏོགས་དེ་ཙམ་མི་འདུག རྒྱ་གར་ནས་བརྨཱ་དང་། ཤྲཱི་ལངྐཱ་བཅས་བྱས་ཏེ་ནང་པ་གང་འཚམས་དར་གྱི་ཡོད་ཀྱང་། སློབ་སྦྱོང་གཏིང་ཟབ་བྱེད་རྒྱུ་ཞིག་མི་འདུག རྒྱ་ནག་གི་ནང་པ་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་རེད། མགོན་པོ་ཀླུ་སྒྲུབ་ཅེས་བརྗོད་དེ་ཀླུ་སྒྲུབ་ཀྱི་རྗེས་འབྲང་ཆགས་ཡོད་པ་རེད། ཀླུ་སྒྲུབ་ཀྱི་གཞུང་དེ་ཚོའི་གྲས་ཞིབ་ཚགས་པོའི་ཐོག་ནས་སློབ་སྦྱོང་བྱེད་མཁན་བོད་པ་གཅིག་པུ་རེད་འདུག དེ་བཞིན་ཚད་མ་རིག་པའི་སྐོར་ལ་ཆ་བཞག་ན་བོད་པ་གཅིག་པུ་རེད་འདུག དེ་ང་ཚོ་བོད་མི་རིགས་ཀྱི་མེས་པོ་ཚོའི་ཕལ་ཆེར་ཁྱད་ཆོས་ལ་བརྩི་ཆོག་པ་ཞིག་འདུག ང་ཚོ་དེ་འདྲའི་མི་རྒྱུད་ཅིག་ཆགས་ཡོད་པ་རེད། དེར་བརྟེན་ངས་ནམ་རྒྱུན་རྟག་པར་བརྗོད་པ་དེ་རེད། ང་ཚོར་ཁ་ཟས་སྣེ་ཁ་མང་པོ་མེད། རྒྱ་མིར་ཆ་བཞག་ན་རྒྱ་ཟས་ལེའུ་བཅོ་བརྒྱད་ཅེས་བཤད་རྒྱུ་ཡོད། ང་ཚོས་རྩམ་པས་སྤགས་དང་ཇ་ལྡུར་བལྡགས་ནས་སྡོད་ཀྱི་ཡོད། འོན་ཀྱང་ང་ཚོའི་མེས་པོ་ཚོའི་ཀླད་པ་དེ་ཧ་ལས་པ་ཞིག་རེད། ཤེས་སོང་ངམ། བཀའ་འགྱུར་བསྟན་འགྱུར་བོད་སྐད་ནང་དུ་བསྒྱུར་བ་དེ་ཚོར་བསམ་བློ་ཐོངས་དང་། ཧ་ལས་དགོས་པ་རེད་འདུག ཚིག་བསྒྱུར་ཙམ་མ་ཡིན་པར་དོན་དག་ངོ་མ་ཆ་ཚང་དོན་ལ་འཁྱོལ་བའི་འགྱུར་ཧ་ཅང་ཡག་པོ་ཡོད། དེ་དག་ང་ཚོ་བོད་པའི་མེས་པོ་ཚོའི་བྱས་རྗེས་རེད། ང་ཚོ་དེ་ཚོའི་རྗེས་འབྲང་བ་ཡིན།

ང་ཚོ་བཙན་བྱོལ་ལ་ཡོད་པའི་ནང་ནས་ང་ཚོའི་མེས་པོ་ཚོས་དཀའ་ལས་བརྒྱབ་པའི་གྲུབ་འབྲས་དེ་དག་ང་ཚོ་དེ་སྔ་བཙན་བྱོལ་ལ་ཐོག་མར་འབྱོར་དུས་ནས་བདག་པོ་རྒྱག་རྒྱུའི་བསམ་བློ་བཏང་ནས་དེ་རྐྱང་རྐྱང་སློབ་སྦྱོང་བྱས་པ་རེད། འདས་པའི་ལོ་ཕལ་ཆེར་བཅོ་ལྔ་ཉི་ཤུའི་ནང་ལ་ང་ལ་འཛམ་བུ་གླིང་ག་ས་ག་ནས་ངོ་ཤེས་པ་མང་པོ་ཆགས་ཡོད། ཚན་རིག་པ་ཡང་མང་པོ་ངོ་ཤེས་ཀྱི་ཡོད་རེད། དེ་འདྲ་ཆགས་དུས་ང་ཚོས་བདག་པོ་བརྒྱབ་པའི་སེམས་ཁམས་རིག་པ་དང་། ཚད་མ་རིག་པ། དེ་བཞིན་ལྟ་གྲུབ་ཀྱི་སྐོར་བདེན་གཉིས་ཀྱི་རྣམ་གཞག་རེད། དེ་ཚོའི་སྐོར་མང་པོ་ཞིག་འཛམ་བུ་གླིང་སྤྱི་ལ་ཕན་ཐོགས་བྱེད་ཐུབ་རྒྱུ་འདུག་བསམས་ནས་ངའི་སེམས་ནང་སྤོབས་པ་སྐྱེ་བཞིན་འདུག ང་ཚོ་བོད་པའི་མེས་པོ་ཚོས་ང་ཚོར་རྩིས་སྤྲོད་གནང་བའི་ཤེས་ཡོན་འདིའི་ཐོག་ནས་འཛམ་བུ་གླིང་སྤྱི་ལ་ཞབས་འདེགས་བསྒྲུབ་རྒྱུའི་ནུས་པ་ཡོད་པ་ངས་མཐོང་གི་འདུག

དེར་བརྟེན་དེ་སྔ་ང་ཚོ་ ༥༩/༦༠ ཐམ་པ་ནས་བྱས་ཏེ་ལོ་བཅུ་ཕྲག་ཁ་ཤས་ཀྱི་རིང་ལ་ང་ཚོས་བདག་པོ་བརྒྱབ་བསྡད་པ་རེད། ད་ཆ་ང་ཚོས་བདག་པོ་བརྒྱབ་པ་དེས་འཛམ་བུ་གླིང་སྤྱི་ལ་ཕན་ཐོགས་བྱེད་ཐུབ་རྒྱུ་དང་། ཡང་སྒོས་བྱེ་བྲག་ཏུ་འཛམ་བུ་གླིང་གི་ནང་པ་ཚོར་ཕན་ཐོགས་བྱེད་ཐུབ་རྒྱུ། ཐད་ཀར་སྐབས་སུ་བབ་པ་རྒྱ་གར་ལུང་པའི་ནང་དེ་རིང་ཁ་སང་རྒྱ་གར་གྱི་སྔ་རབས་ཀྱི་ཤེས་ཡོན་གྱི་ཐོག་ལ་དོ་སྣང་གསར་པ་ཞིག་སླེབས་ཀྱི་ཡོད་པ་ལྟ་བུ་འདུག་ལ། ངས་ཀྱང་རྟག་པར་འབོད་སྐུལ་བྱེད་ཀྱི་ཡོད། ང་ཚོར་ཁ་བདེ་པོ་བྱས་ཏེ་རྟག་པར་བཤད་རྒྱུ་ཞིག་ཡོད། དེ་དག་ཁྱེད་རང་ཚོའི་རྒྱ་གར་མཁས་པའི་གཞུང་ནས་བསླབས་པ་རེད། སྐབས་རེར་རྒྱ་གར་བ་ཁ་ཤས་ལ་ངས་རྩེད་མོ་དང་སྦྲགས་ནས་བཤད་ཀྱི་ཡོད། ནང་པའི་ཆོས་བོད་དུ་མ་དར་གོང་ང་ཚོ་བོད་པ་ཚོ་འབྲོག་པ་བྱས་ཏེ། གྲི་དང་མེ་མདའ་ཁྱེར། རྟ་བཞོན། རྟ་ཧྲག་མི་ཧྲག་བྱས་ཏེ་འགྲོ་ཡི་ཡོད་རེད། ང་ཚོར་འགལ་རྐྱེན་བཟོ་མཁན་སུ་ཕྲད་ཀྱང་ལམ་སང་བསད་བཅོམ་གཏུབས་བཅས་བྱེད་ཀྱི་ཡོད། སོག་པོ་དང་ང་ཚོ་ཕལ་ཆེར་འདྲ་པོ་རེད་འདུག བོད་ཀྱི་ས་ཐང་ཐོག་བོད་དང་སོག་པོ་ཞེས་ས་མཚམས་གང་ཡང་མེད་པར་འགྲོ་ཡི་ཡོད། དེར་བརྟེན་ངས་རྒྱ་གར་བ་ཚོར་རྩེད་མོ་བརྩེས་ནས་སྔ་མོ་ང་ཚོ་བོད་པ་དངོས་གནས་སྤྱོད་པ་རྩུབ་པོ་དང་གྱོང་པོ་བྱས་ཏེ་བསྡད་ཡོད། དེ་ལྟར་བསྡད་ན་ང་ཚོར་ཕྱི་ནས་བརྙས་བཅོས་བྱེད་མཁན་ཡོང་གི་མ་རེད། རྒྱ་གར་བས་ང་ཚོར་འཚེ་བ་མེད་པའི་ལྟ་སྤྱོད་བསླབས་ཏེ་ང་ཚོས་ཞི་འདུལ་བྱས་ནས་བྱམས་པ་དང་བརྩེ་བ་བྱེད་དུས། མིས་ཐུབ་ཚོད་གཏོང་གི་འདུག་ཅེས་རྒྱ་གར་བ་ཁ་ཤས་ལ་བཤད་ཀྱི་ཡོད། སོག་པོ་དཔེར་ན། ཇིང་གི་སེ་ཁཱན་དང་ཀུབ་ལེ་ཁཱན་དེ་ཚོའི་གྲས་མཁྲེགས་པོ་ཞེ་དྲག་འདུག

ང་ཚོ་བོད་པ་ཡང་ནང་ཆོས་མ་དར་གོང་ཆོས་རྒྱལ་ཚོའི་སྐབས་ལ་ཕལ་ཆེར་དེ་འདྲ་ཞིག་རེད་འདུག རྒྱ་ནག་ལའང་དམག་དྲངས་པ་དེ་འདྲ་མང་པོ་བྱས་འདུག བོད་པའི་མི་རིགས་དེ་ཧ་ཅང་མཁྲེགས་པོ་དང་། རྣམ་དཔྱོད་ཡོད་པ་ཞིག་ཀྱང་རེད་འདུག སོག་པོ་ཚོ་མཁྲེགས་པོ་དང་ཧ་ཅང་གྱོང་པོ་རེད། ཡང་སོག་པོའི་ནང་མཁས་པ་མང་པོ་བྱུང་ཡོད། དཔེར་ན། ང་རང་ལ་ཆ་བཞག་ནའང་དཔལ་ལྡན་ཆོས་རྗེ་དང་ཨ་ལག་ཤ་བསྟན་དར་ལྷ་རམས་པ་ལྟ་བུ། ཁོ་རང་ཚོས་བྲིས་པའི་དཔེ་ཆ་དེ་ཚོར་ངས་སློབ་གཉེར་བྱེད་སྐབས་དང་། དེ་རིང་ཁ་སང་ཡིན་ཡང་ངས་མཚམས་རེར་ལྟ་ཡི་ཡོད། མཁས་པ་ཆེན་པོ་ཞེ་དྲག་བྱུང་བ་རེད། སྤྱིར་བཏང་སོག་པོ་ཚོ་འཐོམ་འཐོམ་གྱི་བཟོ་ལྟ་བུ་ཡོད། ང་ཚོ་ལྷ་སར་སྔོན་མ་བཤད་སྲོལ་ཞིག་ཡོད། མི་ཕྲན་བུ་རྫ་བཟི་རྫུ་བཟི་འདྲ་བྱས་པ་ཡིན་ན། ཁྱེད་རང་སོག་པོ་མ་ཐོན་ཨང་ཞེས་བཤད་རྒྱུའི་ལུགས་སྲོལ་ཞིག་ཡོད་རེད། མིར་མཐོང་ཆུང་བྱས་པའི་བཟོ་ལྟ་བུ་ཆགས་གྲབས་བྱེད་ཀྱི་འདུག དེར་བརྟེན་ང་ཚོ་བོད་པ་གྱོང་པོ་དང་སྤྱང་པོ། སྙིང་སྟོབས་ཡོད་པ། མཁྲེགས་པོ་བྱེད་སར་མཁྲེགས་པོ་བྱེད་ཐུབ་མཁན་བཅས་ཡག་པོ་རེད། དེ་དག་ནི་གཙོ་བོ་སོ་སོའི་རིག་གཞུང་གི་ཐོག་ནས་ཡོང་གི་ཡོད་རེད། བོད་ཀྱི་རིག་གཞུང་ཞེས་བཤད་དུས་གཙོ་བོ་ནང་པ་སངས་རྒྱས་པའི་ཆོས་དང་འདྲེས་ཏེ་ཡོད། སོ་སོ་སྒེར་གྱི་ངོས་ནས་ཆོས་ལ་དད་པ་ཡོད་ཀྱང་རུང་མེད་ཀྱང་རུང་། གཙོ་བོ་ནང་པའི་ལྟ་གྲུབ་ཚང་མས་ཤེས་དགོས་པ་རེད་འདུག ཤེས་སོང་ངམ།

མ་གཞི་ཁ་སང་ཁ་ཉིན་ངས་མང་པོ་བཤད་ཡོད། ལྟ་གྲུབ་ཅེས་བཤད་དུས་བསམ་བློ་བཏང་ནས་དཔྱད་པ་བྱེད་རྒྱུ་ཤ་སྟག་རེད། ལྟ་གྲུབ་དེ་དང་འབྲེལ་ནས་བཤད་ཡོང་དུས་ང་ཚོས་བྱམས་བརྩེ་ཞེས་པ་དཀོན་མཆོག་ལ་སྨོན་ལམ་བརྒྱབ། དཀོན་མཆོག་གི་བྱིན་རླབས་ཀྱི་ཐོག་ནས་བྱམས་བརྩེ་སྤེལ་དགོས་ཞེས་མིན་པར། བློ་སྦྱངས་ནས་བྱམས་བརྩེ་སྤེལ་དགོས་རེད། འདི་ང་ཚོ་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་གྱིས་མ་གཏོགས་ཤོད་ཤེས་མཁན་གཅིག་ཀྱང་མེད།

ང་ཚོས་ཤིན་ཏུ་ལྐོག་གྱུར་དང་ཅུང་ཟད་ལྐོག་གྱུར་ལ་འབྲེལ་བ་ཡོད་རེད། ཅུང་ཟད་ལྐོག་གྱུར་གྱི་རིགས་དེ་མཐོང་བ་མངོན་གྱུར་དང་འབྲེལ་བ་ཡོད། མཐོང་བ་མངོན་གྱུར་གྱི་རིགས་པའི་ནང་ལ་ཚན་རིག་པ་ཚོ་དང་ང་ཚོ་མཉམ་དུ་འགྲོ་ཐུབ་ཀྱི་འདུག བྱས་ཙང་ཕལ་ཆེར་འཛམ་བུ་གླིང་འདིའི་སྒང་ལ་ཡ་རབས་སྤྱོད་བཟང་དགོས་ཀྱི་ཡོད་པ་ཚང་མས་མཁྱེན་གསལ་དང་། ཞི་བདེ་དགོས་པ་ཚང་མས་མཁྱེན་གསལ་རེད། ནང་གི་སེམས་རྒྱུད་བརྒྱུད་ནས་ཞི་བདེ་སྤེལ་རྒྱུ་མ་གཏོགས། སེམས་རྒྱུད་ཆགས་སྡང་གིས་གཞན་དབང་དུ་སོང་ནས་ཞི་བདེ་ཡོང་རྒྱུ་རྩ་བ་ཉིད་ནས་མེད། ཞི་བདེ་གོ་ལག་གིས་ཀྱང་བཟོ་ཐུབ་ཀྱི་མ་རེད་ལ། ཞི་བདེ་ཉོ་རྒྱུ་ཡང་མེད། སྨན་བཟས་ནས་ཞི་བདེ་ཡོང་རྒྱུ་མེད། ཞི་བདེ་དཀྲུག་མཁན་དེ་ཆགས་སྡང་གི་བློ་རེད། ཆགས་སྡང་གི་བློ་སེལ་རྒྱུར་བློའི་ནང་ནས་ཆགས་སྡང་ལ་ཉེས་དམིགས་མཐོང་། ཆགས་སྡང་ལ་སྐྱོན་དུ་བལྟས། ཆགས་སྡང་གི་ལྡོག་ཕྱོགས་བྱམས་པ་དང་བརྩེ་བ་ཟེར་བ་དེ་དག་གོང་སྤེལ་གཏོང་རྒྱུ་དེ་ང་ཚོས་འགྲེལ་བཤད་རྒྱག་ཐུབ་རྒྱུ་ཞིག་ཡོད། དེ་འགྲེལ་བཤད་རྒྱག་དུས་ནང་པའི་གཞུང་ནས་གསུངས་པ་རེད། ནང་པའི་ཆོས་ཡིན་ཞེས་བརྗོད་ན་ཚང་མར་ཁྱབ་ཐུབ་ཀྱི་མ་རེད།

དཔེར་ན། ཁ་སང་རྒྱ་གར་ཤེས་རིག་བློན་ཆེན་གཅིག་གིས་ས་ག་ཟླ་བའི་དུས་ཆེན་ཡིན་ནམ་གཅིག་གི་ཐོག་ལ་བཅོམ་ལྡན་འདས་ཀྱི་གསུང་དེ་འདྲ་ཤེས་ཡོན་སློབ་དེབ་ནང་ཡོད་དགོས་པ་ཞིག་གསུངས་འདུག ངས་དེ་མཐོང་བ་དང་དེ་ནི་ཆུང་དྲགས་འདུག་དྲན་བྱུང་། རྒྱ་གར་ནང་ཡི་ཤུ་དང་ཁ་ཆེ་མང་པོ་ཡོད་པ་དེ་དག་ལ་ཁྱབ་པ་ཞིག་དགོས་པ་ལས། ནང་པའི་མིང་བཏགས་ན་དེ་དག་ལ་ཁྱབ་ཐུབ་ཀྱི་མ་རེད། དེར་བརྟེན་ང་ཚོས་དམིགས་བསལ་“ཆོས་དང་མ་འབྲེལ་བའི་ཡ་རབས་སྤྱོད་བཟང་”ཞེས་བཤད་པ་དེ་མི་སྤྱི་ལ་ཁྱབ་ཐུབ་རྒྱུ་ཞིག་དང་། རྒྱ་གར་ནང་ཆ་བཞག་ནའང་མི་ཐེར་འབུམ་གཅིག་ལྷག་ཙམ་ཡོད་པ་ཚང་མ་ལ་ཁྱབ་ཐུབ་པའི་བསམ་བློ་བཏང་ཡོད། སེམས་ཁམས་རིག་པ་དང་། ཚད་མ་རིག་པ་ང་ཚོས་བསླབས་པ་དང་། ང་ཚོས་མི་ལ་འཆད་དུས་ཀྱང་ནང་པའི་གཞུང་ནས་གསུངས་པ་དེ་བཤད་རྒྱུ་རེད། དེ་མ་གཏོགས་ཡོད་མ་རེད། འོན་ཀྱང་དེ་འཆད་པའི་སྐབས་ལ་ཤེས་ཡོན་གྱི་སྡེ་ཚན་ནང་བཞག་པ་མ་གཏོགས་ཆོས་ཀྱི་སྡེ་ཚན་ནང་བཞག་མེད། ཤེས་སོང་ངམ། ངས་ཆོས་དང་མ་འབྲེལ་བའི་སྤྱོད་བཟང་ཞེས་བརྗོད་དགོས་པའི་རྒྱུ་མཚན་དེ་ཡིན། རྒྱ་ཆེ་ས་ལ་ཁྱབ་ཐུབ་པ་དེ་འདྲའི་ནུས་པ་ཞིག་ང་ཚོར་ཡོད་པ་ཡིན། དཔེར་ན། ང་རང་ལ་ཆ་བཞག་ན། མི་མང་པོ་ཐུག་སྟེ་སྐད་ཆ་བཤད་དུས་སྤོབས་པ་སླེབས་ཀྱི་འདུག ང་ཚོ་བོད་པ་སྐྱོ་པོ་ཞིག་རྩ་བ་ནས་རེད་མི་འདུག་བསམ་པའི་སྤོབས་པ་སླེབས་ཀྱི་འདུག དེར་བརྟེན་ང་རང་ཚོ་བཙན་བྱོལ་དུ་རང་དབང་ལུང་པའི་ནང་ཡོད་པའི་བོད་པ་ཚོས་ག་ལེར་ག་ལེར། སྔོན་ལ་རིམ་པ་དང་པོར་རྒྱ་གར་ནང་རྒྱ་གར་ཕ་མེས་དུས་ནས་ཡོད་པའི་ཤེས་ཡོན་དེ་དག་བསྐྱར་གསོ་བྱེད་རྒྱུ་ང་ཚོས་གང་ལ་གང་འཚམས་ཀྱི་ཞབས་འདེགས་ཞུ་ཐུབ་རྒྱུ་རེད། ད་ལྟ་གྲྭ་སར་ལོ་ཉི་ཤུ་ཙམ་དཔེ་ཆ་བལྟས་ནས་ཡོང་བ་དེ་ཚོའི་ནང་ཨིན་སྐད་བསླབས་ཏེ་ཤེས་མཁན་གང་འཚམས་འདུག མུ་མཐུད་ནས་ཨིན་སྐད་དང་ཧིནྡཱིའི་སྐད་ཟབ་སྦྱོང་སྤྲད་རྒྱུ་ང་ཚོས་འབད་བརྩོན་བྱེད་ཀྱི་ཡོད། དེ་དག་ནང་གཏིང་ཟབ་པོའི་མ་རྩ་དེ་ལོ་མང་པོ་སློབ་སྦྱོང་བྱས་པའི་དགེ་བཤེས་ཚོ་གཙོ་བོ་ཆགས་ཀྱི་རེད།

དེ་དང་ཆབས་ཅིག་ང་ཚོས་སྤྱི་ཡོངས་ཀྱི་བཙན་བྱོལ་བོད་པའི་ནང་ནས་མ་འོངས་པར་རྒྱ་གར་གྱི་ཤེས་ཡོན་ཡར་རྒྱས་གཏོང་རྒྱུར་ཞབས་འདེགས་བསྒྲུབ་རྒྱུའི་ནུས་པ་ཡོད་པ་མཐོང་གི་འདུག དེར་བརྟེན་དེ་འདྲའི་གོ་སྐབས་ཡོད་པ་དང་དམིགས་ཡུལ་དེ་བློ་ལ་བཞག་ནས་ང་ཚོས་ད་ལྟ་ཕྲུ་གུར་སློབ་སྦྱོང་སྤྲོད་པའི་སྐབས་ད་ལྟ་འཛམ་བུ་གླིང་ནང་གྲགས་ཤིང་གྲུབ་པའི་དེང་དུས་ཤེས་ཡོན་གཅིག་པུས་ལྡང་གི་མེད་པས། དེའི་ཐོག་ཁ་སྣོན་བྱེད་དགོས་ཤིང་། ཁ་སྣོན་བྱེད་མཁན་ང་ཚོ་མ་གཏོགས་གཞན་སུས་ཀྱང་བྱེད་ཐུབ་ཀྱི་མ་རེད། ཤེས་སོང་ངམ། དེར་བརྟེན་སེམས་ཁམས་རིག་པ་གཙོ་བོར་གྱུར་པའི་སེམས་ཁམས་རིག་པའི་སྐད་ཆ་འཆད་དུས་ཚད་མ་རིག་པ་དང་འབྲེལ་ནས་འགྲེལ་བཤད་རྒྱག་ཐུབ་པ། ང་ཚོས་ཕྲུ་གུ་ཚོར་སློབ་སྦྱོང་སྤྲོད་ཐུབ་པ་དགོས། སེམས་ཞི་ཞིང་དུལ་བ། བྱམས་བརྩེ་ལྡན་པ་དགོས་རྒྱུར་སེམས་ཁམས་རིག་པ་དང་ཚད་མ་རིག་པའི་ཐོག་ནས་འགྲེལ་བཤད་རྒྱག་ཐུབ་པ་དགོས།

ཕྲུ་གུ་ཚོ་དེ་ལྟར་ཡོང་བར་སྔོན་ལ་དགེ་རྒན་ཚོས་དོ་སྣང་ཤུགས་ཆེ་ཙམ་བྱས། ངས་སྔོན་ལ་བརྗོད་པ་དེ་ཡིན། བྱམས་བརྩེ་ལྡན་པ་དང་རྣམ་དཔྱོད་ལྡན་པའི་ཐོག་ནས་བསླབ་བྱ་བརྒྱབ་ནས་ལམ་སྟོན་བྱས་ཏེ། ཕྲུ་གུ་ཚོ་ང་ཚོ་གནས་སྐབས་བཙན་བྱོལ་བྱས་ཏེ་བསྡད་པའི་རིང་ལ་ཡང་རིམ་པས་རིམ་པས་རྒྱ་གར་ནང་གནའ་རབས་ཀྱི་ཤེས་ཡོན་སླར་གསོ་བྱེད་རྒྱུའི་ཐོག་ང་ཚོ་བོད་པ་བཙན་བྱོལ་བས་གང་ལ་གང་འཚམས་ཞབས་འདེགས་སྒྲུབ་ཐུབ་པ་ཡོང་གི་རེད་བསམ་གྱི་འདུག དེ་ཁྱེད་རང་ཚོའི་སེམས་ནང་ངེས་པར་བྱོས།

དེ་དང་ཆབས་ཅིག་ང་ཚོ་བོད་པ་འདིར་ཡོད་པ་ཚོ་སློབ་སྦྱོང་ཡག་པོ་བྱུང་ན། ག་ལེར་ག་ལེར་ལུང་པ་གཞན་དག་དེ་འདྲར་འགྲོ་རྒྱུ་ཡོང་གི་རེད། ཁ་སང་ངས་ཕ་གིར་བརྗོད་པ་ལྟར། སྔོན་མ་པི་ཙི་ཁའི་ནང་ཁྱིམ་གྱི་ཨ་ཅག་ལགས་ཤིག་ཡོད། ཆི་ཁ་གོ་ (Chicago) ལ་བོད་པ་ལེན་མཁན་གྱི་ཚོགས་ཆུང་ཞིག་ཡོད་རེད། དེའི་ནང་གི་ཨ་ཅག་ཅིག་རེད། ཨ་ཅག་ལགས་ཀྱིས་ང་ལ་ཁོ་རང་ཚོའི་ས་ཁུལ་དེར་བོད་པའི་གཞིས་ཆགས་ཀྱི་ཚོ་ཁག་གཅིག་བླངས་པ་ཡིན། དེ་བོད་པ་བཙན་བྱོལ་བ་ཚོར་རོགས་པ་བྱེད་རྒྱུ་གཅིག་པུ་མིན་པར། བོད་པའི་ཡ་རབས་བཟང་པོའི་གཤིས་ཀ་དེ་ཨ་རིའི་མི་ཚོར་འཇགས་ཐུབ་ན་བསམ་པའི་རེ་བ་རྒྱག་གི་ཡོད་ཅེས་གསུངས་བྱུང་། སྐབས་ཤིག་ནེའུ་ཡོག་ཏུ་ང་ལ་མི་ཞིག་གིས་ཨ་རིའི་མི་ཞིག་གིས་མི་ཚང་གཞན་ཞིག་ལ་དངུལ་སྤྲད་རྒྱུ་ཞིག དངུལ་ཤོག་ལོར་དངུལ་དམར་སྤྲད་དེ་འདི་ཕ་གིར་སྤྲོད་རོགས་གྱིས་ཞེས་སྤྲད་བྱུང་ཟེར། འདི་བོད་པ་ཞིག་ཡིན་ཙང་བློས་བཀལ་ནས་མངགས་ན་ཏན་ཏན་བྱེད་ཀྱི་རེད་བསམས་ནས། ལམ་བར་དངུལ་འདི་ཟགས་འདུག་ལབ་ཀྱི་མ་རེད་བསམས་ནས་ཚོད་དཔག་བྱེད་ཀྱི་འདུག་ཅེས་རྗོད་མཁན་བྱུང་། དེར་བརྟེན་འཛམ་བུ་གླིང་འདིའི་ཐོག་དོ་སྣང་ཡོད་མཁན་མི་དེ་ཚོའི་གྲས་ཀྱིས་བོད་པའི་གཤིས་ཀ་རྫུན་མི་ཤོད་མཁན་དང་། དྲང་པོ་དྲང་གཞག་བྱེད་མཁན། རྒྱ་གར་ནང་དུའང་ངས་ཁ་སང་བརྗོད་པ་དེ་རེད། ང་གཞིས་ཆགས་ཁག་ཏུ་འགྲོ་དུས་ས་གནས་ཀྱི་རྫོང་དཔོན་དང་ཉེན་རྟོག་པའི་འགོ་བྱེད་ཚོ་འཆར་ཅན་ང་ཐུག་ཏུ་ཡོང་གི་རེད། སྐད་ཆ་བཤད་དུས་མང་པོས་བསྟོད་བསྔགས་བྱེད་ཀྱི་འདུག བོད་པ་ཧུར་བརྩོན་དང་འཛུགས་སྐྲུན་བྱེད་རྒྱུའི་ཐོག་ལ་ཤུགས་ཆེན་པོ་ཡོད་དུས། ཨོ་རི་ས་ས་གནས་ཀྱི་ཡུལ་པ་ཚོ་བསམ་བློ་དང་འཛུགས་སྐྲུན་གྱི་ལས་ཀ་ཞེ་དྲག་བྱེད་མ་ཐུབ་མཁན་ཚོ་བོད་པ་སླེབས་ནས་ཞེ་དྲག་ཕན་ཐོགས་ཆེན་པོ་བྱུང་སོང་ཞེས་ངར་བཤད་བྱུང་། དེ་བཞིན་ལོ་གཅིག་གར་ཞ་ཁུ་ནུའི་ཁུལ་དུ་ཡིན་ནམ་རྒྱ་གར་ས་གནས་ཀྱི་དཔོན་རིགས་དེ་འདྲ་ང་ཐུག་དུས་བོད་པ་ཚོ་དངོས་གནས་དྲང་གནས་ཡ་རབས་པོ། དྲང་པོ་དྲང་གཞག་ཞེ་དྲག་ཡག་པོ་འདུག ག་ལེ་ག་ལེར་རྒྱ་གར་གཏིང་ནས་འབྲེལ་བ་བྱེད་མཁན་མང་དུ་མང་དུ་ཕྱིན་པའི་སྐབས་ལ་ཡ་རབས་སྤྱོད་བཟང་ཡོད་པ་དེ་མར་ཉམས་ཡོང་བསམ་པའི་བློ་གཡེང་ཡོང་གི་འདུག་ཅེས་ཤོད་མཁན་བྱུང་། སྤྱི་ཡོངས་ཀྱི་མཐོང་ཚུལ་དེ་འདྲ་ཞིག་ཡོད་པ་རེད། མཐོང་ཚུལ་དེ་འདྲ་ཡོད་པའི་སྐབས་སུ་ཡང་བོད་པ་ཁ་ཤས་ཀྱིས་རྒྱ་འདྲེ་བརྒྱབ་ནས་གསོད་རེས་བྱེད་པ་དེ་འདྲ་ཕྲན་བུ་ཡོང་གི་འདུག ང་རང་ནེའུ་ཡོག་ལ་སླེབས་སྐབས་ངས་བོད་པ་ཚོ་ཐུག་ནས་བོད་པ་ཚོ་ཡ་རབས་སྤྱོད་བཟང་། དྲང་པོ། སྙིང་རྗེ་ལྡན་པ་ཞེ་དྲག་ཡག་པོ་ཡོད་རེད་ཅེས་བརྗོད་པ་ཡིན། དེ་བརྗོད་ཚར་རྗེས་ཁོང་ཚོ་ཟ་ཁང་ཞིག་ནང་ཕྱིན་ནས་ཆང་བཏུངས་ཏེ། ར་བཟི་ནས་འཁྲུག་པ་བརྒྱབ་སྟེ་མི་གཉིས་གསོད་རེས་བཏང་བ་རེད། ད་གིན་ཏཱ་ལའི་བླ་མས་ཟེར་བ་དེ་བདེན་པ་རང་མ་རེད། ང་ཚོ་ངོ་ཐོག་གསོད་རེས་གཏོང་གི་ཡོད་ལྟ་བུ། དེ་ཚོའི་གྲས་ལ་ང་ཚོས་གཟབ་གཟབ་བྱེད་དགོས་པ་འདུག གང་ལྟར་སྤྱི་ཡོངས་ཀྱི་ཆ་ནས་དངོས་གནས་ང་ཚོའི་མི་རིགས་འདི་མ་འདྲ་བ་ཞིག་རེད་འདུག མ་འོངས་པར་ཡང་ང་ཚོས་མུ་མཐུད་ནས་བོད་མི་རིགས་ཀྱི་རིག་གཞུང་ཟེར་ནའང་མི་འདུག བོད་མི་རིགས་ཀྱི་སྤུས་ཚད་ཟེར་ནའང་མི་འདུག འཛམ་བུ་གླིང་འདིའི་ཐོག་ཡག་པོ་སྟོན་ཐུབ་པ་ཞིག་དང་། དེའི་ཐོག་བྱམས་བརྩེ་ལྡན་པའི་མི་སྡེ་ཞིག་ཆགས་ཐུབ་པ་བྱ་རྒྱུ་འདི་ང་ཚོའི་དམིགས་ཡུལ་ལ་གཞག་དགོས་པ་རེད། དེ་ཁྱེད་རང་ཚང་མའི་སེམས་ནང་ཞོག ང་ཚོར་དེའི་རྒྱུ་ཆ་ཡོད་པ་ལྟ་བུ་ཡིན། རྒྱུ་ཆ་དེ་ང་རང་ཚོས་བེད་སྤྱོད་ཡག་པོ་བྱས་ཏེ༑ ཁྱེད་རང་ཚོ་དགེ་རྒན་ཚོས་མི་རབས་གསར་པ་ཚོ་ཡག་པོ་ཞིག་ཡོང་ཐུབ་རྒྱུའི་གྲ་སྒྲིག་བྱེད་མཁན་དེ་ཁྱེད་རང་ཚོ་རེད། དེ་དགོངས་པར་བཅང་དགོས། ད་བར་ཧུར་ཐག་བྱས་པ་རེད། ད་དུང་ཡིན་ཡང་ཧུར་ཐག་གནང་ཤོག་ཨང་།

ཁ་སང་ངས་ཕ་གིར་བརྗོད་པ་བཞིན་སྐབས་རེར་ང་རང་སེམས་འཚབ་ཕྲན་བུ་ཡོང་གི་འདུག ད་ལོ་བརྒྱད་ཅུ་གྱ་གཉིས་གྱ་གསུམ་ལ་སླེབས་ཀྱི་ཡོད་རེད། ལོ་བཅུ་ཕྱིན་ན་དགུ་བཅུ་གོ་གཉིས་གོ་གསུམ་ལ་སླེབས་ཀྱི་ཡོད་ཅིང་། དེ་ནས་ངས་ཞེ་དྲག་བྱེད་ཐུབ་རྒྱུ་མེད་ལ། བླ་རྒན་བགྲེས་སོང་བགྲེས་སོང་ཆགས་རྒྱུ་རེད། ཁྱེད་རང་ཚོ་མི་རབས་གསར་པ་ཚོར་ངས་ཡུས་བཤད་པ་མིན་ལ། ཡུས་བཤད་ནས་དགོས་པ་མེད། གང་ལྟར་ངས་ལོ་བཅུ་དྲུག་ནས་བོད་ཀྱི་ཆབ་སྲིད་ཀྱི་འགན་ཁྱེར་ཏེ་ལོ་དྲུག་ཅུའི་རིང་ལ་གང་ཡོང་ཅི་ཡོང་བྱས་པ་ཡིན། ངས་ཆབ་སྲིད་ལས་འགན་བཞག་སྟེ་ང་ཚོ་མང་གཙོའི་སྒང་ལ་འགྲོ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། ང་ཚོ་ལྷ་སར་ཡོད་དུས་ནས་ང་ཚོ་བོད་གཞུང་གི་སྒྲིག་འཛུགས་འགྲོ་སྟངས་དེ་ནུས་པ་ཐོན་པ་ཞིག་དང་ཚད་ལོངས་པ་ཞིག་མེད་པར་མཐོང་ཞིང་། ༡༩༥༠ ལོར་ངས་ཆབ་སྲིད་ཀྱི་འགན་ཁུར་ནས་ལྔ་ཅུ་ང་གཉིས་ང་གསུམ་ལ་ལེགས་བཅོས་ཚོགས་ཆུང་བཙུགས་ནས་རིམ་པས་བསྒྱུར་བཅོས་གཏོང་རྒྱུ་འགོ་བཙུགས་ཀྱང་མཇུག་ལ་ལམ་ལྷོང་བྱུང་མེད།

དེ་སྔ་བོད་དུ་བཀའ་བློན་ཚོར་ལས་བགོས་མེད་ཀྱང་། ང་ཚོ་བཙན་བྱོལ་དུ་མ་སུ་རིར་སླེབས་མ་ཐག་བཀའ་བློན་ཚོར་ལས་བགོས་བྱས་ཤིང་། ང་ཚོ་མ་སུ་རིར་སླེབས་མ་ཐག་བསྒྱུར་བཅོས་གཏོང་རྒྱུའི་ལས་འགོ་ཚུགས་པ་ཡིན། དྲུག་ཅུ་ཐམ་པའི་ལོ་འགོར་ཡིན་པ་ཡོད། ང་ཚོ་བཙན་བྱོལ་དུ་ཡོད་པའི་མི་སྣ་དྲག་གྲས་རྣམས་རྡོ་རྗེ་གདན་དུ་འཛོམས་ནས་མི་དམངས་ཀྱིས་སྤྱི་འཐུས་འོས་འདེམས་བྱེད་རྒྱུ་འགོ་ཚུགས། དེ་དུས་ནས་ང་ཚོས་མང་གཙོར་བསྒྱུར་བཅོས་གཏོང་རྒྱུ་འགོ་བཙུགས་པ་རེད། ཕྱི་ལོ་ ༢༠༠༡ ལོར་བཀའ་བློན་ཁྲི་པ་དེ་ངས་མ་བསྐོས་པར་མི་དམངས་ཀྱིས་འོས་བསྡུ་བྱས་ཏེ་ཟམ་གདོང་རིན་པོ་ཆེས་གནང་། ༢༠༡༡ ནས་བློ་བཟང་སེངྒེ་ལགས་ཀྱིས་བྱེད་མུས་དང་། ༢༠༠༡ ནས་ལོ་བཅུའི་རིང་ལ་ངས་ཕྱེད་རྒས་ཡོལ་དང་། ༢༠༡༡ ནས་ངས་རྒས་ཡོལ་ཆ་ཚང་བྱས། བློ་བཟང་སེངྒེ་ལགས་ཆ་བཞག་ན་དེང་དུས་ཀྱི་ཤེས་ཡོན་ཡོད་པ། སྔོན་མ་འགོ་སྟོད་ནས་ངས་བོད་ཡིག་ཕྲན་བུ་སྦྱང་དགོས་འདུག་ཅེས་བརྗོད་ཀྱི་ཡོད། དེ་རིང་ཁ་སང་བོད་ཡིག་ཙམ་དུ་མ་ཟད་ནང་ཆོས་ཀྱི་ལྟ་གྲུབ་ཐོག་ལའང་དོ་སྣང་བྱས། ཁ་སང་ཕ་གིར་སླེབས་དུས་ངས་རྩེད་མོ་བརྩེས་ནས་དེ་རིང་སློབ་གྲྭའི་ཕྲུ་གུ་ནང་བཞིན་སློབ་སྦྱོང་བྱེད་མཁན་ཡིན་པས་ཞེས་སྐད་ཆ་བྱས། ཡག་ཐག་ཆོད་རེད། ཕྲན་བུ་ཕྲན་བུའི་སྐྱོན་ཆ་སུ་ལའང་ཡོད་པ་རེད། སྔོན་མ་ང་ཚོའི་ཚོགས་གཙོ་ཉི་མ་བཟང་པོ་ལགས་ཀྱིས་གསུང་བཤད་ཅིག་གནང་སྐབས་སྐད་ཆ་ཐོན་ཡོང་དུས་སྐྱོན་ནི་སངས་རྒྱས་ལའང་ཡོད་རེད། དེ་རྗེས་མགྱོགས་པོ་མགྱོགས་པོ་ཁ་བཙུམས་པ་རེད། བྱས་ཙང་དེའི་བཟོ་འདྲ་པོ་བྱས་ཏེ་སྐྱོན་ཕྲན་བུ་ཕྲན་བུ་ཡོང་གི་རེད། ཆེ་ས་ནས་བསམ་བློ་བཏང་ན་ཡག་ཐག་ཆོད་རེད། དེ་བཞིན་ཤེས་རིག་བཀའ་བློན་ལ་ཆ་བཞག་ནའང་རེད། བཀའ་བློན་ལས་ཐོག་ཚོ་ཚང་མ་ཡག་ཐག་ཆོད་རེད།

ང་ཚོར་སྤྱི་པའི་སྒྲིག་འཛུགས་ཤིག་ཡོད་པ་དང་མེད་པ་གཉིས་བྱས་ན་ཡོད་པ་དེ་ཞེ་དྲག་ཡག་གི་རེད། སྐྱོན་ཆ་ཕྲན་བུ་ཕྲན་བུ་ཡོང་གི་རེད། ང་ཚོ་གཏམ་བརྗོད་རང་དབང་རེད། སྐྱོན་སེལ། དགའ་མིན་དགའ་མདོག་གི་སྐྱོན་བརྗོད་བྱས་ན་ཕན་ཐོགས་མེད། ལྷག་བསམ་རྣམ་དག་གིས་བློ་གཟུ་བོར་གནས། སྤྱི་སེམས་ཁྱེར་ནས་ཕྲན་བུའི་ནོར་བཅོས་བྱེད་དགོས་པ་དང་བསྒྱུར་བཅོས་གཏོང་དགོས་པ་གང་ཡོད་ཀྱང་དེ་བཤད་ཆོག་གི་རེད། གྲོས་ཚོགས་ལ་བཤད་ཆོག་གི་རེད། བཀའ་ཤག་ལ་ཐད་ཀར་བཤད་ཆོག་གི་རེད། གང་ལྟར་ང་ཚོས་སྒྲིག་འཛུགས་བཙུགས་ཏེ་ངས་རྒས་ཡོལ་བྱས་ནས་ཆབ་སྲིད་ཀྱི་ཐོག་ལ་འགན་གང་ཡང་འཁུར་གྱི་ཡོད་པ་མ་རེད། འགན་མ་ཁྱེར་ཞེས་པ་སེམས་ཀྱིས་འགན་མ་ཁྱེར་བ་མ་རེད། བློ་བཟང་སེངྒེ་ལགས་དུས་དུས་ལ་ཐུག་གི་ཡོད་པ་རེད། ངས་ཚིག་སྡུག་ཅག་ཅིག་བརྗོད་ན། ཡང་ངས་ནང་དོན་དེ་འདྲ་བློ་བཟང་སེངྒེ་ལགས་ལ་ཤ་གཅུས་དེ་འདྲ་ཏོག་ཙམ་ཏོག་ཙམ་རྒྱག་གི་ཡོད། རྩ་བའི་ཐག་གཅོད་མི་དམངས་ཀྱིས་འོས་བསྡུ་བྱས་པའི་བློ་བཟང་སེངྒེ་རང་གི་ལག་པར་ངས་འཇོག་གི་ཡོད། ཡིན་དང་ཡིན། ང་བོད་པ་ཞིག་རེད།

ཆོས་ཕྱོགས་ཀྱི་ཐོག་ནས་བཤད་པ་ཡིན་ན་སྐུ་འབུམ་ས་ཁུག་ལུང་ཁུག་ཅིག་ཏུ་སྐྱེས་པའི་ཕྲུ་གུ་ཞིག དཔལ་ལྡན་ལྷ་མོའི་བླ་མཚོའི་ནང་ལ་ཨ་ཀ་མ་ཞེས་པའི་ཡི་གེ་གསུམ་ཐོན་ནས་རྭ་སྒྲེང་རིན་པོ་ཆེ་དང་ཁོང་ཚོས་གོ་བ་བསྐྱོན་དུས། དེ་དང་ཆབས་ཅིག་ལུང་པ་དང་ཁང་པ་དེ་འདྲ་བླ་ཚོའི་ནང་བསྟན་འདུག དེ་དག་མཐོང་དུས་དབུས་གཙང་ཁུལ་གྱི་ཁང་པ་དེ་འདྲ་རེད་མི་འདུག དེ་ས་མཚམས་ཁུལ་ནས་རེད་འདུག མདོ་སྟོད་སྨད་ཀྱི་ས་མཚམས་ཀྱི་ས་ཆ་དམའ་ས་ཞིག་ནས་ཡིན་པ་འདྲ་ཞེས་གསུངས། ཨ་ཀ་མ་ཞེས་པའི་ཡི་གེ་གསུམ་པོ་དེས་ཨ་ཞེས་པ་ཨ་མདོ། ཀ་ཞེས་པ་སྐུ་འབུམ། དེ་ནས་མ་ཞེས་པ་ཀརྨ་པ་རོལ་པའི་རྡོ་རྗེ་དང་འབྲེལ་བ་ཡོད་དུས་འགྲེལ་བཤད་རྒྱག་སྟངས་མི་འདྲ་ཡོང་གི་འདུག འོན་ཀྱང་ང་རང་གིས་གོ་བ་ལེན་དུས་མཁར་རྡོ་བཟོད་པ་རྒྱ་མཚོ་ཡིན་ནམ་སུ་ཡིན་མཁར་རྡོའི་ལུང་ཞིག་ནང་༧སྐུ་མདུན་སྐུ་གོང་མ་དགུང་ལོ་ལྔ་བཅུ་ང་གྲངས་མ་གཏོགས་བཞུགས་ཀྱི་མེད་པ་དེ་གསལ་པོ་ཞེ་དྲག་ཡོད་རེད། ད་ལྟའི་༧རྒྱལ་དབང་ཡིན་རྒྱུ་འདྲ་བའི་འཁྲིས་ལ་ཨ་ཅག་ལགས་ཤིག་འདུག དེ་དཔལ་ལྡན་ལྷ་མོ་ཡིན་པ་འདྲ། ༧རྒྱལ་དབང་གི་ཕྱག་ཏུ་ཕྲེང་བ་ཞིག་འདུག འགོ་སྟོད་ཕལ་ཆེར་ཕྲེང་རྡོག་བརྒྱ་ཚར། བརྒྱ་ཚར་མ་རེད། གཅིག་འདུག་ཀྱང་། གཅིག་ཟད་གཉིས་ཟད་ཀྱིས་ད་ཆ་ལྔ་བཅུ་ང་གྲངས་ཀྱི་སྒང་ལ་སླེབས་འདུག་ཅེས། ཁོང་དགུང་ལོ་ ༥༩ ལོར་གཤེགས་པ་རེད། དེར་བརྟེན་དེ་འདྲའི་ལུང་བསྟན་ཞིག་གི་ནང་ལ་སྐྱེས་པའི་བུ་ལ་བུ་མོའི་མིང་ཐོགས་པ་ཞེས་ཡོད་ཅིང་། ང་ཕལ་ཆེར་དེ་དང་འབྲེལ་བ་ཡོད་པ་ཞིག་མིན་ནམ་དྲན་བྱུང་། ང་བུ་ཡིན་ཡང་ངའི་མིང་ལ་ལྷ་མོ་དོན་གྲུབ་ཅེས་བཏགས། མ་གཞི་ཨ་མདོ་ཚོའི་གྲས་ཏན་ཏན་ཞེ་དྲག་ཡོད་མ་རེད། ལྷ་མོ་ཚེ་རིང་ཞེས་པ་ལྟ་བུ་ལྷ་མོ་མང་པོ་འདོགས་ཀྱི་འདུག ངའི་མིང་ལྷ་མོ་དོན་གྲུབ་ཅེས་པའི་འབྲུ་བཞི་པོ་དེའི་ནང་ཕྲན་བུ་མ་འདྲ་བ་ཞིག་ཡོད་པ་དེ། མ་དེ་ཆགས་ཀྱི་འདུག ངས་ཨ་ཀ་མའི་མ་དེ་ཕལ་ཆེར་དེ་མིན་ནམ་དྲན་གྱི་འདུག གང་ལྟར་ས་ཁུག་ལུང་ཁུག་ཅིག་ནས་ཕྲུ་གུ་ཆུང་ཆུང་ཞིག་ལྷ་མོས་ལུང་བསྟན་པ་ལྟ་བུ་རེད། མཐའ་མ་ཡང་སྲིད་རྩད་གཅོད་བྱེད་མཁན་ཚོ་ཁ་སང་ངས་རོབ་ཙམ་བརྗོད་པ་བཞིན་རེད། ང་དེ་ལྟར་སླེབས་པ་དེ་ལས་དང་བསོད་ནམས་ཀྱི་འབྲེལ་བ་ཡོད་པ་གསལ་པོ་ཞེ་དྲག་རེད། ༧རྒྱལ་དབང་སྐུ་ཕྲེང་གོང་མ་དེ་དག་གིས་ཐུགས་བསྐྱེད་དང་སྨོན་ལམ་གྱི་ཐོག་ནས་ཨ་མདོའི་ཕྲུ་གུ་ཐེབས་ཆག་གྲོང་གསེབ་ཁུག་ཀྱོག་གི་ཕྲུ་གུ་ཞིག་ལ་༧རྒྱལ་དབང་གི་མིང་ཐོགས་པ་བྱུང་། ངས་ཁ་སང་ཕ་གིར་བརྗོད་པ་བཞིན་ཡང་སྲིད་རྩད་གཅོད་བྱེད་མཁན་ཚོ་ཀེའུ་ཚང་རིན་པོ་ཆེས་དབུ་ཁྲིད་ནས་འབྱོར་རྒྱུའི་ཉིན་མོ་དེར། ཨ་མ་ལགས་དང་ཁོང་ཚོས་གང་ཡང་ཤེས་ཀྱི་ཡོད་པ་མ་རེད། གྲོང་གསེབ་བྱས་ཏེ་དེ་ལྟར་བསྡད་ཡོད། ང་དེའི་ཞོགས་པ་སྔ་པོ་ནས་ལངས་ཏེ་བྲེལ་བ་ཞེ་དྲག་བྱེད་ཀྱི་འདུག་ཅེས་གསུངས་སོང་། གང་ལྟར་ངས་གཅིག་ཤེས་ཀྱི་ཡོད་པའི་བཟོ་འདྲ་ཞིག ཡང་སྲིད་རྩད་གཅོད་བྱེད་མཁན་ཀེའུ་ཚང་རིན་པོ་ཆེས་དབུ་ཁྲིད་ནས་འབྱོར་བ་དང་། ངས་ལམ་སང་ངོ་ཤེས་ཏེ་ཀེའུ་ཚང་རིན་པོ་ཆེའི་འགྲམ་དུ་ཕར་རྒྱུགས་ནས་མགུལ་དུ་༧སྐུ་གོང་མའི་ཕྱག་ཕྲེང་ཞིག་འདུག་པ་དེར་འཇུས་ནས་འདི་ངའི་ཕྲེང་བ་ཡིན་ཞེས་པ་དེ་འདྲའི་ལོ་རྒྱུས་བྱུང་བ་རེད། གང་ལྟར་ཡང་ལས་དང་སྨོན་ལམ་གྱི་འབྲེལ་བ་ཡོད་པ་ཞིག་ཡིན་པ་གསལ་པོ་ཞེ་དྲག་རེད་འདུག དེ་ནས་ཡར་དེད་ན་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་ནས་འབྲེལ་བ་ཡོད་པ་ཞིག་ངས་གསལ་པོ་ཞེ་དྲག་མཐོང་གི་འདུག སྐབས་རེར་ངར་མྱོང་ཚོར་ཤུགས་ཆེན་པོ་ཞིག་ཡོང་གི་འདུག་ལ། རྨི་ལམ་ནང་དུའང་དེ་འདྲ་ཡོང་བཞིན་འདུག དེར་བརྟེན་ལས་དང་སྨོན་ལམ་གྱི་འབྲེལ་བ་ཡོད་པ་ཞིག་ཆགས་ཀྱི་ཡོད་རེད།

ཁ་ཡོད་ལག་ཡོད་ཀྱི་ཐོག་ལའང་ཁ་སང་ངས་ཕ་གིར་བརྗོད་མ་སོང་ངམ། ཁ་སང་རྒྱ་གར་བྱང་ཤར་ལ་བྷི་ཇེ་པི་(BJP) མི་ཞིག་རེད། ང་གཉིས་གུ་ཝཱ་ཧཱ་ཊཱི་ནས་ངོ་ཤེས་ཏེ་ཉིན་ཤས་རིང་ལ་གྲོགས་པོར་གྱུར། ཞོགས་པ་ཁོ་རང་ཐུག་དུས་འཚམས་འདྲི་བྱེད་སྐབས་ངས་ང་གཉིད་ཆུ་ཚོད་དགུ་ཙམ་ཉལ་གྱི་ཡོད། ཕྱི་དྲོ་ཆུ་ཚོད་ ༦ ནས་ཞོགས་པ་ཆུ་ཚོད་ ༣ བར་གཉིད་ཉལ། ཆུ་ཚོད་༣ པར་ལངས། མཚམས་རེ་ཆུ་ཚོད་༣ ཡོལ་ཙམ་ཆགས་ཀྱི་འདུག ཡར་ལངས་ཏེ་གཙོ་བོ་སྒོམ་བརྒྱབ་ནས་བསྡད་ཀྱི་ཡོད། གཉིད་སད་པ་དང་། གང་གི་ཐུགས་བརྩེས་ཉེར་བཟུང་སྟེ། །ལྟ་བ་ཐམས་ཅད་སྤངས་པའི་ཕྱིར། །དམ་པའི་ཆོས་ནི་སྟོན་མཛད་པ། །གཽ་ཏམ་དེ་ལ་ཕྱག་འཚལ་ལོ། །ཞེས་པའི་ཚིགས་བཅད་དེ་བཏོན། དེ་ནས་བཅོམ་ལྡན་འདས་ཀྱི་ཟབ་པ་དང་རྒྱ་ཆེ་བའི་གཙོ་བོ་སྟོང་ཉིད་ཀྱི་ལྟ་བ་རེད། བྱང་ཆུབ་ཀྱི་སེམས་བཅས་ལ་བསམ་བློ་བཏང་། དེ་ནས་ཁ་འདོན་བྱས། ཁ་འདོན་བྱེད་དུས་ཀྱང་ག་ཚོད་ཐུབ་ཐུབ་ཀྱིས་སྟོང་ཉིད་ཀྱི་ལྟ་བ་སྒོམ་རྒྱུ་དང་། བྱང་ཆུབ་ཀྱི་སེམས་སྒོམ་བསྡད་ཀྱི་ཡོད། ངས་ཁོང་ལ་ང་ཆུ་ཚོད་༩ ཉལ་གྱི་ཡོད། དེ་ནས་ངས་ཆུ་ཚོད་བཞི་ལྔ་རིང་བསམ་བློ་བཏང་སྡོད་ཀྱི་ཡོད། དེར་བརྟེན་ངའི་ཀླད་པ་དེ་གྲུང་པོ་དང་སྤྱང་པོ་ཞེ་དྲག་བཟོ་ཐུབ་ཀྱི་ཡོད། ཀླད་པ་གྲུང་པོ་དང་སྤྱང་པོ་བཟོས་ཏེ་མི་ལ་མགོ་སྐོར་གཏོང་གི་ཡོད་ཅེས་ལབ་པ་ཡིན། ཁོང་གིས་དེའི་ལན་ཚ་པོ་ཞེ་དྲག་བརྒྱབ་སོང་། ཁོ་རང་ཆུ་ཚོད་ ༦ མ་གཏོགས་གཉིད་ཁུག་གི་མི་འདུག་ལ། མི་ལ་མགོ་སྐོར་ཡང་གཏོང་ཤེས་ཀྱི་མེད་ཅེས་གསུངས། དེ་སྙིང་རྗེ་པོ་མི་འདུག་གམ། ངས་ཕར་བསྟན་བཤིག་སློང་དུས་ཚུར་རྟགས་གསལ་བཏང་ནས་ལན་ཚ་ཐག་ཆོད་བརྒྱབ་བྱུང་།

གང་ལྟར་དུས་ད་ལྟ་བར་དུ་ཧུར་ཐག་འབད་ཐག་བྱས་པ་ཡིན། ད་དུང་ཡིན་ནའང་ང་མ་ཤི་བར་དུ་བོད་གངས་ཅན་གྱི་རྒྱ་ཆེའི་མི་དམངས་དེ་དག་གིས་ངར་ཡིད་ཆེས་བློས་འགེལ་བྱེད་ཀྱི་ཡོད་པ་རེད། ཡིད་ཆེས་བྱེད་ཀྱི་ཡོད། ང་རང་གི་ལས་དང་སྨོན་ལམ་གྱི་ཐོག་ནས་དམིགས་བསལ་འབྲེལ་བ་ཆགས་ཀྱི་ཡོད་པ་རེད། གང་ལྟར་ངའི་དབུགས་མ་ཆད་བར་དུ་བོད་སྤྱི་པའི་དོན་དེ་ནམ་ཡང་བློས་གཏང་གི་མ་རེད། ད་གཟུགས་པོས་ཇི་ཙམ་འཁྱོལ་གྲབས་ཡོད་མེད་མི་ཤེས། ལོ་བརྒྱ་བསྡད་ཀྱང་ལོ་བཅུ་བདུན་ཙམ་མ་གཏོགས་མེད། དེ་ནས་རྫོགས་འགྲོ་ཡི་རེད།

ཁ་སང་ངས་བརྗོད་པ་བཞིན་ཁྱེད་རང་ཚོའི་ང་འཆི་ཁར་དངོས་གནས་ང་ཚོའི་སློབ་གྲྭའི་ཕྲུ་གུ་ཚོས་འགན་ཁྱོག་པ་ཞིག་ཡོང་གི་ཡོད་བསམ་པ་ཞིག་དང་། དེ་བཞིན་གྲྭ་སའི་དཔེ་ཆ་བ་དེ་ཚོས་འགན་ཁྱོག་པ་ཞིག་ཡོང་གི་ཡོད་བསམ་པ་ཞིག་དང་། ང་རང་བློ་བདེ་པོ་བྱེད་རྒྱུ་ཡོད་པ་ཞིག་བྱེད་དགོས་རེད། ཤེས་སོང་ངམ། ང་འཆི་ཁར་གང་འདྲ་བྱས་ཡོང་བསམས་ནས་བློ་གཡེང་བྱེད་མ་དགོས་པ་ཞིག་ཁྱེད་རང་ཚོས་གཟབ་གཟབ་གྱིས་ཤོག་ཨང་། ད་ག་ཡིན། བཀྲ་ཤིས་བདེ་ལེགས། །

ཕྱིར་གོང་དུ་ལོག

 
css templates