website templates free download

Table

༄༅། །ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དེང་གི་དུས་སུ་འབྲེལ་བ་ཅི་ཞིག་ཆགས་ཡོད་མེད་སྐོར། །

(ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་གོ་སྒྲིག་འོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གཙོ་བོ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཐོག དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་མཆོག་ལ་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་དང་། བོད་ཕྲུག་ན་གཞོན་ཚོས་བཀའ་འདྲི་ཞུས་ལན།)

དྲི་བ། ལས་རིམ་འདིའི་ནང་གཞི་རྐང་རྒྱ་གར་དང་། དེ་བཞིན་བོད་པའི་སློབ་གཉེར་ཁང་ཁག་གཅིག་གི་མཐོ་རིམ་སློབ་ཐོན་པའི་སློབ་མ་ཁག་གཅིག་ཕེབས་ཡོད། ཁོང་ཚོའི་དྲི་བར་ལན་འདེབས་གནང་ཆེད་དཔེ་མཛོད་ཀྱི་འགན་འཛིན་དགེ་བཤེས་ལྷག་དོར་ལགས་གདན་འདྲེན་ཞུས་ཡོད། དགེ་བཤེས་ལགས་ནི་དེ་སྔ་ལོ་ངོ་བཅུ་དྲུག་ཙམ་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཨིན་སྐད་གསུང་སྒྱུར་གནང་ཡོད་རེད་ལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་དགོངས་གཞིའི་ཐོག་ཕྱག་ལས་གནང་མཁན་གྱི་མི་སྣ་གཙོ་གྲས་ཤིག་ཀྱང་ཆགས་ཡོད། ངས་ལས་རིམ་འགོ་འཛུགས་ཞུས་པ་དང་སྦྲགས་ཐོག་མར་དེ་རིང་སང་ཉིན་གྱི་དུས་སྐབས་སུ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་འདི་འབྲེལ་བ་གང་འདྲ་ཞིག་ཆགས་ཀྱི་ཡོད་མེད་སྐོར་གསུང་རོགས་གནང་ཞུ་རྒྱུ་ཡིན།

ལན། རྣམ་པ་ཚོས་མཁྱེན་གསལ་རེད། ༧སྐྱབས་མགོན་རིན་པོ་ཆེ་ནི་ནང་ཆོས་ཉམས་ལེན་པ་ཆེན་པོ་ཞིག་ཡིན་པའི་ཆ་ནས་དུས་རྒྱུན་དུ་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་བདེ་ཐབས་ལ་དགོངས་པ་རླབས་ཆེན་བཞེས་མཁན་ཞིག་རེད། དེང་སང་གི་དུས་ཚོད་ལ་མི་ཚང་མ་ཕྱི་དངོས་པོའི་ཁྲ་ཁྲ་ཟིང་ཟིང་ལ་ཞེ་དྲག་རྒྱུགས་ཏེ། ནང་བསམ་བློའི་རིན་ཐང་དང་ཡ་རབས་བཟང་སྤྱོད་སྐྱོ་རུ་ཕྱིན་ནས་མི་དང་མིའི་དབར་འབྲེལ་བ་ཡག་པོ་བྱེད་མ་ཐུབ་པར་རྙོག་དྲ་ཡོང་དུས། ཁྱི་དང་མཉམ་དུ་འཕུར་འཕུར་འདྲ་བཏང་ནས་བསྡད་ན་ཨེ་དྲག་དང་། ཤིང་ནགས་ཀྱི་གསེང་ལ་འཆམ་འཆམ་དུ་ཕྱིན་ན་ཨེ་དྲག་སྙམ་པ་སོགས་ཐབས་ཚུལ་འདྲ་མིན་བྱེད་ཀྱི་ཡོད་རེད། ལོ་ན་གཞོན་པ་ཚོར་བཟང་སྤྱོད་སློབ་རྒྱུའི་ཐབས་ལམ་མེད་པར་ནུབ་ཕྱོགས་ནང་དཀའ་ངལ་ཆེན་པོ་ཞིག་ཕྲད་དང་འཕྲད་བཞིན་པ་རེད། དེར་བརྟེན་༧སྐྱབས་མགོན་རིན་པོ་ཆེ་དང་ལྷན་དུ་ནུབ་ཕྱོགས་ཁུལ་ལ་རང་ཉིད་ཆིབས་ཞབས་ལ་བཅར་སྐབས་དེང་སང་འཛམ་གླིང་ནང་ཁང་པ་དེ་དག་མཐོ་རུ་མཐོ་རུ་དང་། ཡ་རབས་བཟང་སྤྱོད་འདི་དམའ་རུ་དམའ་རུ་འགྲོ་ཡི་འདུག་ཅེས་བཀའ་གནང་གི་འདུག དེ་འདྲ་ཡིན་དུས་དོན་སྙིང་འདིའི་ཐོག་ལོ་མང་གོང་ནས་ཐུགས་འཚབ་ཞེ་དྲག་གནང་གི་ཡོད་པ་ངས་གསུང་སྒྱུར་བྱེད་དུས་ནས་ཤེས་ཀྱི་ཡོད། དེ་ནས་རིམ་པས་སྟོང་ལོ་གསར་པའི་བཟང་སྤྱོད་དང་། ཆོས་ལུགས་ཀྱི་མཚམས་ལས་འདས་པའི་བཟང་སྤྱོད་ལ་སོགས་པའི་ཕྱག་དེབ་མང་པོ་ཞིག་ལྗགས་རྩོམ་གནང་རྒྱུ་དང་། བཀའ་སློབ་མང་པོ་གནང་གི་ཡོད་ཀྱང་། དེ་ཚོའི་གྲས་ལ་ནུས་པ་ཞེ་དྲག་ཐོན་གྱི་མེད་སྟབས། ད་ལྟ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ Secular Ethics དམ། ཡང་ན་ Social Emotional Ethical Learning ཞེས་པའི་ཚིག་དེ་གཉིས་གང་ཞིག་བེད་སྤྱོད་བཏང་རུང་། གང་ལྟར་ཡ་རབས་བཟང་སྤྱོད་འདི་ཛ་དྲག་ངང་གོང་སྤེལ་གཏོང་ཐབས་གནང་གི་ཡོད་རེད། ཡ་རབས་བཟང་སྤྱོད་འདི་ཡང་གོང་འཕེལ་ཇི་ལྟར་གཏོང་དགོས་སམ་ཞེ་ན། ཆོས་ལ་གཞི་བཞག་པ་ཡིན་ན་ཆོས་ལུགས་གང་ཞིག་བྱེད་དགོས་པའི་རྙོག་དྲ་དང་། གཉིས་ནས་ཆོས་ཁས་མི་ལེན་མཁན་གྱི་མི་མང་པོ་ཡོད་པ་དེ་ཚོར་ཆོས་ཀྱི་སྐད་ཆ་བཤད་ས་མེད་པ་མ་ཟད། མི་འགའ་ཤས་ཀྱིས་ཆོས་ལ་ངོ་རྒོལ་བྱེད་ཀྱི་ཡོད་རེད། དེར་བརྟེན་ཆོས་ལུགས་ལ་མ་བརྟེན་པར་སྤྱིར་བཏང་གི་རྒྱུན་ཤེས་དང་། ཚན་རིག་གི་དངོས་སུ་དཔང་རྟགས་ཡོད་པའི་རྙེད་དོན། ཚེ་ཕྱི་མའི་སྐད་ཆ་དེ་འདྲ་གང་ཡང་མེད་པར་ཚེ་འདིའི་བདེ་བ་བསྒྲུབ་རྒྱུ་དང་སྡུག་བསྔལ་སེལ་རྒྱུའི་ཐབས་ལམ་ཡག་ཤོས་གང་ཞིག་ཡོད་པའི་ང་རང་ཚོའི་ཐུན་མོང་གི་ཉམས་མྱོང་དེ་ཚོ་གཞིར་བཞག་ནས་སྒྲུབ་བྱེད་ཀྱི་རིག་པ་དང་། དཔེ་བཅས་ཡོད་པའི་ཐོག་ནས་སློབ་ཕྲུག་གི་འཛིན་གྲྭ་རིམ་པར་དཔག་པའི་སློབ་ཁྲིད་བྱེད་སྟངས་ཡག་པོ་ཞིག་དགོས་ཀྱི་འདུག་ཅེས་ཤུགས་ཞེ་དྲག་བསྐྱོན་གནང་གི་འདུག

གསར་འགོད་པས། རྣམ་པ་ཚོའི་ནང་ལ་དེ་སྔ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ Secular Ethics ཐོག་གོ་མྱོང་ཐོས་མྱོང་ཡོད་པ་དང་། ནམ་རྒྱུན་ནས་དེའི་ཐོག་ཐུགས་སྣང་གནང་མཁན་དེ་འདྲ་ཡོད་ཀྱི་རེད་བསམ་གྱི་འདུག དེ་འདྲ་ཡོད་ཚེ་ཕྱག་རྐྱོང་རོགས་གནང་། འོ་ན་མང་ཆེ་བ་རེད་འདུག འོ་ན་ངས་རྣམ་པ་ཚོས་དྲི་བ་འདྲི་རྒྱུའི་ལས་རིམ་འདི་འགོ་འཛུགས་ཞུ་ཡི་ཡིན།

དྲི་བ། ཚང་མར་བཀྲ་ཤིས་བདེ་ལེགས། ངའི་མིང་བུ་ཆུང་ཡིན། ང་རང་འདི་ལོ་སེ་ལ་ཀུ་བོད་ཁྱིམ་སློབ་གྲྭ་ནས་ཐོན་པའི་སློབ་ཕྲུག་ཅིག་ཡིན། ད་ལྟ་དགེ་བཤེས་ལགས་ཀྱིས་སྟོང་ལོ་གསར་པའི་བཟང་སྤྱོད་དང་། ཆོས་ལུགས་ཀྱི་མཚམས་ལས་འདས་པའི་བཟང་སྤྱོད་སོགས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དང་འབྲེལ་བའི་ཕྱག་དེབ་དེ་འདྲ་གསུངས་སོང་། ད་དུང་དེའི་ཐོག་དཔེ་དེབ་ཀློག་འདོད་དང་སྦྱང་འདོད་ཡོད་པ་ཡིན་ན་དེ་ལས་གཞན་པའི་ཕྱག་དེབ་གང་ཞིག་ཡོད་མེད་དང་། བསླབ་གཞི་རྣམས་གང་ནས་རག་གི་ཡོད་མེད་ཐོག་ཏོག་ཙམ་གསུང་རོགས་གནང་།

ལན། སྤྱིར་བཏང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ Secular Ethics དང་། Secularism ཐོག་ང་ཚོས་དོ་སྣང་མ་བྱས་པ་མ་གཏོགས་རྒྱ་གར་ནང་དུའང་ Secularism in Orissa, Secularism in Punjab ལ་སོགས་པའི་དེབ་མང་པོ་ཡོད་རེད། གང་ཡིན་ཟེར་ན་ ༡༩༧༦ ལོར་རྒྱ་གར་གྱི་རྩ་ཁྲིམས་བསྐྱར་བཅོས་ཐེངས་ ༤༢ བྱེད་སྐབས་རྒྱ་གར་འདི་ secular socialist democratic country ཡིན་ཟེར་དུས། འདིའི་ནང་ secular ཞེས་པའི་ཚིག་ཡོད་རེད། དེ་ནས་བྱས་ཏེ་ secularism ཐོག་དོ་སྣང་བྱས་ཏེ་དཔྱད་རྩོམ་མང་པོ་བྲིས་ཡོད་རེད། དེའི་གོང་ལ་ secularism དར་ས་ཤུགས་ཆེ་བ་ཨ་རི་དང་ཕ་རན་སི་དེ་ཚོའི་ནང་ལ་རེད། དེའི་གོང་ལ་བཟང་སྤྱོད་སྤེལ་རྒྱུ་དེ་ཆོས་ལ་མ་བརྟེན་པར་སྤྱིར་བཏང་མི་དཀྱུས་མ་ཞིག་ཡིན་ཡང་ཕན་ཚུན་མཉམ་དུ་སྡོད་སྟངས་ཚུན་ཆད་ཡག་པོ་ཤེས་དགོས་ཀྱི་འདུག་ཅེས་པ་དེ་ཚོའི་ཐོག་ནུབ་ཕྱོགས་ལ་དེབ་མང་དག་ཅིག་ཡོད་རེད། དེང་སང་དྲྭ་རྒྱའི་ནང་དེ་སྐོར་བཙལ་བ་ཡིན་ན་ལམ་སང་ཐོན་གྱི་རེད། སྐབས་སུ་བབ་པ་ཁྱེད་རང་གིས་གཟིགས་བདེ་ཡོང་རྒྱུར་ད་ལྟ་ཨེ་མོ་རི་མཐོ་སློབ་ནང་ཚན་རིག་པ་སྙན་གྲགས་ཅན་དང་། ལོ་ཉི་ཤུ་སུམ་ཅུའི་རིང་བཟང་སྤྱོད་སྐོར་བསླབས་མྱོང་ཡོད་པའི་དགེ་རྒན་སྐད་གྲགས་ཅན་ལ་སོགས་པའི་མཁས་དབང་མང་པོ་ཞིག་ད་ལྟ་ང་ཚོའི་ལས་གཞི་འདིའི་ནང་བསྡུ་སྐོང་གིས་ཁོང་ཚོའི་བཀའ་སློབ་ཕྱོགས་བསྒྲིགས་ཞུས་པའི་ Secular Ethics ཐོག་ཟིན་བྲིས་ཀྱི་དེབ་ཅིག་ཐོན་གྲབས་ཡོད་རེད། དེའི་ soft copy ང་ཚོར་ཡོད་པ་དེའི་སྒྲོམ་གཞི་བསྒྱུར་བ་བཏང་ཡོད་རེད་མ་གཏོགས་དེ་མིན་ལེན་ཆོག་ཡོད་པ་སྔོན་ལ་དེར་གཟིགས་ན་ཡག་ཤོས་ཡིན་གྱི་རེད་བསམ་གྱི་འདུག

དྲི་བ། བཀྲིས་བདེ་ལེགས། ངའི་མིང་ལ་སེངྒེ་བཟང་པོ་ཡིན། ང་རང་འབྲས་སྤུངས་སྒོ་མང་གྲྭ་ཚང་ནས་ཡིན། ངའི་དྲི་བ་ནི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་པ་འགོ་བཙུགས་ནས་ད་བར་གྲུབ་འབྲས་ཇི་ཙམ་ཐོན་ཡོད་དམ། ད་ལྟ་ཇི་ལྟར་འགྲོ་ཡི་ཡོད་དམ། མ་འོངས་པར་རེ་བ་ཇི་ཙམ་རྒྱག་གི་ཡོད་དམ། ད་ལྟའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་པ་དེ་བོད་མིའི་སྤྱི་ཚོགས་སམ་ཡང་ན་འཛམ་གླིང་ཁྱོན་ཡོངས་ཀྱི་ཆེད་དུ་རེད་དམ།

ལན། ལས་གཞི་འདི་རིགས་ཁང་པ་བརྒྱབ་པའི་བཟོ་འདྲ་པོ་མ་རེད། ཁང་པ་རྒྱག་རྒྱུ་ཡིན་ན་དཀའ་ལས་ཁག་པོ་ཇི་ཙམ་ཡོད་ཀྱང་ཉིན་ལྟར་རྩིག་པ་རྒྱག་དུས་མཐོང་རྒྱུ་ཡོད་པ་ཞིག་རེད། ཤེས་བྱ་ཡོན་ཏན་གྱི་རིགས་རྣམས་དེ་འདྲའི་ལས་སླ་པོ་མཐོང་རྒྱུ་ཡོད་མ་རེད། གཉིས་ནས་འདིའི་ཐོག་ལས་གཞི་གསར་པ་བརྩམ་དགོས་དུས་མཐུན་རྐྱེན་སོགས་གང་ས་ཅི་ཐད་ནས་དཀའ་ངལ་ཡོད་རེད། ལས་གཞི་འདི་འགོ་འཛུགས་དུས་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་བཀའ་གནང་བ་ཞིག་རེད། ངའི་ཕྱག་རོགས་གཉིས་ཨ་རིར་ཡོད་རེད། ཁོང་གཉིས་དང་ང་ཚོ་གསུམ་ལ་༧སྐུ་མདུན་གྱིས་བཀའ་གནང་བ་ལྟར་ ༢༠༡༥ ལོར་གཞི་ནས་འགོ་བཙུགས་པ་རེད། ལས་གཞི་རྐང་དེ་ཨེ་མོ་རི་མཐོ་སློབ་ཁང་དུ་ཁོང་ཚོས་ཚོགས་པ་བཙུགས་ཏེ་ད་ལྟ་སློབ་དེབ་ཀྱི་འཆར་གཞི་གང་འཚམས་ཤིག་བཟོས་གྲུབ་ཡོད་རེད། དེ་ནས་ཇར་མ་ནེ་དང་། སི་པན། བར་ཛིལ། ཨ་རིའི་ཨེཊ་ལཱནྚཱ་ལ་སོགས་པའི་ས་ཁུལ་མང་པོ་ཞིག་གི་སློབ་གྲྭའི་ནང་བསླབ་རྒྱུའི་འཆར་གཞི་བཟོས་ཡོད་རེད། རྒྱ་གར་ནང་གི་ས་ཁུལ་བཅུ་གྲངས་ཤིག་ལ་ Secular Ethics དང་འབྲེལ་བའི་ཚོགས་འདུར་ང་རང་བཅར་རྒྱུ་བྱུང་། དེ་བཞིན་ཉེ་ཆར་དིལླཱི་དང་། དེཧརཱདཱུན་གྱི་གཡས་གཡོན། པུ་ན་བཅས་ཀྱི་སློབ་གྲྭ་ཁག་མང་པོ་ཞིག་ནས་ཡོང་བའི་ཤེས་ཡོན་དང་། འཛིན་སྐྱོང་། དགེ་རྒན་སོགས་ Secular Ethics སྐོར་སྦྱང་བརྩོན་བྱེད་ཀྱི་ཡིན་གསུང་མཁན་དེ་ཚོར་དམིགས་བསལ་ཉིན་གསུམ་གྱི་སྦྱོང་བརྡར་ཞིག་སྤྲད་ཡོད་རེད། ཕྱི་ཟླ་ ༡༢ པའི་ནང་བོད་པའི་དགེ་རྒན་ཚོར་དྷ་སར་ཤེས་རིག་ལས་ཁུངས་དང་ང་ཚོ་མཉམ་རུབ་ཐོག་སྦྱོང་བརྡར་ཞིག་སྤྲོད་རྩིས་ཡོད་རེད། དོ་སྣང་ཅན་ཚང་མར་ང་ཚོས་དེ་ལྟར་འབྲེལ་བ་བྱས་ཏེ་དར་ཁྱབ་འགྲོ་ཡི་ཡོད་པ་དེ་གྲུབ་འབྲས་ཆེན་པོ་ཞིག་རེད་བསམ་གྱི་འདུག ལས་གཞི་འདི་ཚགས་ཚུད་ཡོང་རྒྱུར་དངོས་སུ་ཡིག་ཚང་ནང་ལས་ཀ་བྱེད་མཁན་ཞིག་དགོས་ཀྱི་ཡོད་རེད། ཡིག་ཚང་དེ་ཡང་ཨེ་མོ་རི་གཙུག་ལག་ཁང་དུ་སྔོན་མ་ནས་ཚན་རིག་བསླབ་རྒྱུས་མཚོན་པའི་ལས་གཞི་མང་པོ་ཞིག་དང་འབྲེལ་བ་ཡོད་རེད། མཐོ་རིམ་སློབ་གྲྭ་དེ་ཡང་སྙན་གྲགས་ཡོད་མཁན་ཞིག་རེད། འབྲས་སྤུངས་བློ་གསལ་གླིང་དང་སྔོན་མ་ནས་མཉམ་རུབ་བྱས་ཏེ་ཡིག་ཆ་བཟོས་ཡོད་རེད། དེ་ལྟ་བུའི་རྒྱབ་ལྗོངས་མང་དག་ཅིག་ཡོད་པར་བརྟེན་ང་ཚོས་འཆར་གཞི་དེ་འདྲ་ཞིག་ཡོད་པ་དེར་ཕྱག་རོགས་གནང་ཐུབ་ན་ཡག་པོ་འདུག་ཅེས་འབོད་སྐུལ་ཞུ་སྐབས། ཁོང་ཚོས་༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་ཡིན་ན་ཡིན་དང་ཡིན་ཞེས་ཞལ་བཞེས་གནང་ཡོད་རེད། དེར་བརྟེན་ཕ་གིར་ཡིག་ཚང་འཛུགས་རྒྱུ་བྱུང་བ་ལྟར་འདི་ལོ་ཕྱི་ཟླ་ ༡༠ པའི་ནང་༧སྐྱབས་མགོན་རིན་པོ་ཆེས་དབུ་འབྱེད་གནང་རྩིས་ཡོད་ཀྱང་། ༧སྐྱབས་མགོན་རིན་པོ་ཆེའི་མཛད་རིམ་ལ་འགྱུར་བ་ཐེབས་ནས་སང་ལོ་ཕྱི་ཟླ་ ༤ པའི་ནང་དབུ་འབྱེད་གནང་གི་རེད། དབུ་འབྱེད་གནང་རྗེས་ཕ་གིར་ཚོགས་པ་རང་བྱས་ཏེ་རྒྱུན་དུ་ལས་ཀ་བྱེད་མཁན་དང་ས་གནས་གཞན་ལ་འབྲེལ་བ་བྱེད་མཁན་ཡོང་གི་རེད། དེ་འདྲ་ཡིན་དུས་ཡར་རྒྱས་ཆེན་པོ་ཕྱིན་ཡོད་རེད། ཁྱེད་རང་གི་དོགས་གནད་ལས་གཞི་འདི་བོད་པ་གཅིག་པུར་རེད་དམ་འཛམ་གླིང་སྤྱི་ལ་རེད་ཅེས་པར། དེ་ནི་བོད་པ་གཅིག་པུར་མིན་པར་འཛམ་གླིང་སྤྱིའི་ནང་ཡ་རབས་བཟང་སྤྱོད་ཉམས་ཆག་ཆེན་པོ་འགྲོ་ཡི་ཡོད་པས་དེའི་ཆེད་དུ་ཡིན་པ་རེད། ང་ཚོ་བོད་པར་ཆ་བཞག་ན། ནང་ཆོས་ནང་ལ་ཕྱུག་ཐག་ཆོད་ཡོད་རེད། གཅིག་བྱས་ན་ཁྱེད་རང་ཚོས་རྗེས་སུ་དོགས་སློང་ཡོང་གི་ཡོད་ཀྱི་རེད། ད་ལྟ་ངས་མ་ལབ་ཀྱང་འགྲིག་གི་ཡོད་ཀྱང་། འགའ་ཞིག་གིས་ང་ཚོར་ནང་ཆོས་འདི་ལྟ་བུ་ཡོད་བཞིན་དུ་དེ་ག་རེ་བྱས་ནས་དགོས་ཀྱི་ཡོད་རེད་ཅེས་དོགས་པ་ཡོད་རེད། དེ་ནི་ཁྱེད་རང་ཚོས་མཁྱེན་དགོས་པ་ཞིག་ལ་༧སྐུ་མདུན་གྱི་དགོངས་གཞིར་སྤྱིར་བཏང་ང་ཚོས་ནང་ཆོས་བསླབ་རྒྱུ་དེ་ཚེ་འདི་གཅིག་པུ་མིན་པར་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སོགས་ཀྱི་དམིགས་ཡུལ་འཁྱེར་ནས་བྱེད་ཀྱི་ཡོད་རེད། འོན་ཀྱང་དངོས་ཡོད་གནས་ཚུལ་ཐོག་ང་ཚོས་དེ་ཚོ་མང་པོ་ཞིག་ཉམས་ལེན་བྱེད་མ་ཐུབ་པའི་ཁར་ཚེ་འདིའི་དོན་ཡང་སྒྲུབ་མ་ཐུབ་པའི་དཀའ་ངལ་ཡོད་རེད། ནང་ཆོས་ཀྱི་གནས་ཚུལ་མང་པོ་ཞིག་གོ་ཁག་པོ་ཡོད་པར་བརྟེན། ནང་ཆོས་ཀྱི་གནས་ཚུལ་ནང་ཡོད་མེད་ལ་མ་ལྟོས་པར་སྤྱིར་འཇིག་རྟེན་ཡ་རབས་འདི་གལ་འགངས་ཆེན་པོ་ཡིན་པ་སྒྲུབ་བྱེད་རིགས་པ་དཔེ་དང་བཅས་ཏེ་གསལ་པོ་བཤད་ན། དེ་ནི་སོ་སོ་རང་གི་བདེ་སྐྱིད་ལ་ཐུག་འདུག་པས་དེ་དགོས་ཀྱི་འདུག་བསམས་ནས་ཡ་རབས་བཟང་སྤྱོད་ཀྱི་གཞི་ཚུགས་ན། ཆོས་ཀྱི་རྩ་བ་ཡང་དེས་ཚུགས་ཀྱི་ཡོད་རེད། དེས་ཆོས་ལ་ཕན་པ་མ་གཏོགས་གནོད་ཀྱི་ཡོད་མ་རེད། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་འགྲོ་བ་ཐག་མི་རིང་། །ཞེས་གསུངས་པ་བཞིན་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་པའི་ཐ་སྙད་དེ་དམིགས་བསལ་དེ་དུས་ཡོད་མ་རེད་དེ། འཇིག་རྟེན་མི་ཆོས་དང་དམ་པའི་ལྷ་ཆོས་ཞེས་པ་སྔོན་མ་ནས་ཡོད་རེད། ངའི་བསམ་ཚུལ་འདི་ནོར་གྱི་མེད་ན་ Secular Ethics ཞེས་པ་འདི་འཇིག་རྟེན་མི་ཆོས་ཞེས་པ་རེད་འདུག་བསམ་གྱི་འདུག འཇིག་རྟེན་མི་ཆོས་ཞེས་པ་ཤེས་རབ་སྡོང་བུ་དང་། སྐྱེ་བོ་གསོ་ཐིགས་ལ་སོགས་པ་མགོན་པོ་ཀླུ་སྒྲུབ་ཀྱི་གསུང་དང་། དེ་བཞིན་ཆུ་དང་ཤིང་གི་བསྟན་བཅོས་དང་། མེ་ཡི་བསྟན་བཅོས། ལྕགས་ཀྱི་བསྟན་བཅོས་བཅས་ཁེངས་བསྡད་ཡོད་རེད། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་ཞིག་གི་ནང་དུའང་། ཚེ་འདིའི་ཡུན་ལ་ཕན་པའི་མི་ཆོས་དང་། །འཇིག་རྟེན་ཕྱི་མར་ཕན་པའི་ལྷ་ཆོས་གཉིས། །ཞེས་གསུངས་འདུག དམ་པའི་ལྷ་ཆོས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དེ་འདྲ་མངོན་དུ་བྱེད་མ་ཐུབ་ཀྱང་། ཚེ་འདིར་ཕན་པའི་མི་ཆོས་བྱེད་དགོས་རེད་ཅེས་པ་དེ་ཚོ་ང་ཚོར་ཡོད་མུས་རེད། སྔོན་མའི་ཉམས་མྱོང་ཐོག་ལ་ཡིན་ཡང་རིམ་པ་མཐོ་བ་དེ་འགྲོ་མ་ཐུབ་ཀྱང་ཡ་རབས་སྤྱོད་བཟང་བྱེད་རྒྱུ་འདི་ཡིན་གཅིག་དགོས་ཀྱི་ཡོད་ཙང་། སློབ་གསོའི་རིགས་མང་པོ་ཞིག་ལ་ལུགས་ཀྱི་བསྟན་བཅོས་ཟེར་གྱི་ཡོད་རེད། ལེགས་སྦྱར་ལ་ཡིན་ན་ནཱི་ཏི་ཤཱསྟྲ་ཟེར་བ་དེ་ཚོའི་རིགས་མང་པོ་ཞིག་ང་ཚོར་ཡོད་མུས་ཡིན་པས་དེ་དང་འགལ་བ་གང་ཡང་ཡོད་མ་རེད།

དྲི་བ། ད་ལྟ་གོང་གི་དྲི་བ་གཉིས་ལས་འཕྲོས་ཏེ་ང་ཚོར་དྲྭ་རྒྱ་བརྒྱུད་དྲི་བ་ཁ་ཤས་ཤིག་བྱུང་། ད་ལྟ་ཁོང་གིས་རྒྱུ་ཆ་དང་བསླབ་གཞིའི་སྐོར་གསུང་དུས། ཨེ་མོ་རི་དང་རྒྱ་གར་ནང་གི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་འདི་དང་། མ་འོངས་པར་བོད་པའི་སློབ་གྲྭ་ཁག་ནང་ཡོང་རྒྱུའི་བསླབ་གཞི་འདི་གཉིས་མི་འདྲ་བ་ཡོང་གི་ཡོད་དམ།

ལན། ད་ལྟའི་ཆར་ང་ཚོའི་གཞི་རྩའི་སྒྲོམ་གཞི་འདི་གཉིས་ཆགས་བསྡད་ཡོད་རེད། གཅིག་ང་ཚོའི་སྔོན་མའི་ཟིན་བྲིས་མང་པོ་ཞིག་ཡོད་པ་དེ་ཁྱེད་རང་ཚོར་བཀྲམས་ཡོད་རེད། གཉིས་པ་དེ་བསྐྱར་བཅོས་བྱས་ཏེ་ཡང་བསྐྱར་གཅིག་བཟོས་ཡོད་པ་དེ་གཉིས་ཏོག་ཙམ་མི་འདྲ་བ་ཆགས་ཡོད་རེད། ཁ་སང་ང་ཚོས་སྒྲོམ་གཞི་ Curriculum དེ་གཅིག་རང་བཟོས་ན་ཡག་ས་རེད་ཅེས་གོ་བསྡུར་བྱུང་སོང་། སློབ་ཚན་དང་དེ་ཚོའི་གནད་དོན་གསུང་དུས་རྩ་བའི་ལམ་སྟོན་ལྟ་བུ་ཞིག་མ་གཏོགས་རིག་གཞུང་དང་གོམས་གཤིས་སོ་སོའི་ (cultural specific) རྒྱབ་ལྗོངས་ལ་བལྟས་ནས་བསླབས་ན་མ་འགྲིག་པ་གཅིག་ཀྱང་ཡོད་མ་རེད། དཔེར་ན། ང་ཚོས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ཟིན་བྲིས་དེབ་དེའི་ནང་མཐའ་མ་དེར་བྱམས་བརྩེའི་དགོས་པ་དང་། ཤེས་རབ་ཀྱི་དགོས་པ་སོགས་ competency བཅུ་བཞག་ཡོད་རེད། དེ་ང་ཚོའི་སློབ་གྲྭའི་ནང་དུའང་ཐུང་ཐུང་ཞིག་མ་གཏོགས་ཡོད་མ་རེད། འོན་ཀྱང་དེ་གཞིར་བཞག་བྱས་ནས་བསླབས་པ་ཡིན་ན་འཇུག་བདེ་པོ་གང་འདྲ་ཞིག་བསླབ་དགོས་སམ་ཞེས་བོད་པའི་སློབ་གྲྭ་མང་པོའི་ནང་དགེ་རྒན་སོ་སོས་སྙིང་རྗེ་ཐག་ཆོད་བཟོས་ཡོད་ཙང་ཏོག་ཙམ་མི་འདྲ་བ་ཡོང་གི་རེད།

དྲི་བ། ཚང་མར་བཀྲིས་བདེ་ལེགས། ངའི་མིང་བསྟན་འཛིན་སྟོབས་འབྱོར་ཡིན། ང་འདི་ལོ་དིལླཱི་མཐོ་སློབ་ནས་ཐོན་ཚར་ཙམ་ཡིན། ངའི་དྲི་བ་དེ་གོང་དུ་ཁོང་གིས་དྲིས་པ་དང་ཏོག་ཙམ་འབྲེལ་བ་ཆགས་ཀྱི་འདུག།ང་ཚོས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དེར་ Secular Ethics ཞེས་ཞུ་ཡི་འདུག དེའི་ཐ་སྙད་དང་། དེའི་ནང་ཞིབ་འཇུག་བྱེད་རྒྱུ། སློབ་ཚན་བསླབ་གཞི་བཟོ་རྒྱུ་དེ་ཚོ་ཚང་མ་ཚན་རིག་དང་འབྲེལ་བའི་ཐོག་ནས་བྱས་ཀྱང་ང་ཚོར་ནང་པའི་རྒྱབ་སྐྱོར་དང་། ཨེ་མོ་རི་ཡང་ང་ཚོ་ནང་པ་དང་འབྲེལ་བ་ཤུགས་ཆེ་ཡོད་པར་བརྟེན། དེ་དག་སྤྱི་ཚོགས་གཞན་ཞིག་ལ་སྤེལ་བར་འགྲོ་དུས་སྤྱིར་བཏང་ཁོང་ཚོའི་ལུགས་སྲོལ་གོམས་གཤིས་དང་མཐུན་པ་བྱས་ཀྱང་། དེའི་རྒྱབ་ལྗོངས་ལ་ང་ཚོ་བོད་པ་དང་འབྲེལ་བ་ཡོད་དུས་སྤྱི་ཚོགས་གཞན་པ་ཚོས་ངོས་ལེན་བྱེད་རྒྱུར་ཏོག་ཙམ་འགལ་རྐྱེན་ཡོང་གི་མེད་དམ།

ལན། ༧སྐྱབས་མགོན་རིན་པོ་ཆེ་ནི་ནང་པའི་དབུ་ཁྲིད་ཆེན་པོ་ཞིག་རེད། སྤྱིར་བཏང་ནང་ཆོས་དེ་སུ་ལའང་གོ་ཐུབ་པའི་ཁྱད་ཆོས་ཤིག་ཡོད་རེད། ད་ལྟ་འདི་ཡང་དེ་འདྲ་ཞིག་ཆགས་དུས་འདི་ནང་ཆོས་མིན་ཞེས་བརྗོད་པ་མ་གཏོགས་ནང་ཆོས་རེད་འདུག་ཅེས་དེ་འདྲའི་དོགས་པ་ཟ་མཁན་ཡོང་བ་བདེན་པ་རེད་དེ་འགོག་ཐུབ་རྒྱུ་ཁག་པོ་རེད། འོན་ཀྱང་འདི་༧སྐུ་མདུན་གྱིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་པ་གསལ་པོ་གསུངས་ཡོད་པ་ལས་ངས་གསར་པ་བཟོས་པ་དེ་འདྲ་གང་ཡང་མིན་པར་སྔོན་མ་ནས་ཡོད་མུས་རེད། སྙན་གྲགས་ཅན་གྱི་མི་སྣ་མང་པོས་ལུང་དེ་ཚོ་དྲངས་ཡོད་རེད། ཁྱེད་རང་ཚོས་རྗེས་སུ་དེ་ཚོར་གཟིགས་དང་། དེ་གཞིར་བཞག་བྱས་ནས་ང་ཚོས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་བསླབ་དགོས་འདུག་ཅེས་ལབ་དུས། ཁ་ཤས་ཀྱིས་དོགས་པ་བྱས་ནས་དེ་འདྲ་རེད་ཅེས་ལབ་ན། ཁོང་རང་བྱེད་སྙིང་མ་འདོད་ན་སུ་གང་གིས་ཨུ་ཚུགས་རྒྱག་མཁན་མེད་པས་མ་བྱས་ན་འགྲིག་གི་རེད་ཅེས་ཟེར་གྱི་ཡོད་རེད། འོན་ཀྱང་ང་ཚོས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་འདི་དངོས་ཡོད་གནས་ཚུལ་ཐོག་ཁས་ལེན་བྱེད་ཐུབ་པ་ཞིག་ཡོད་རེད་ཅེས་བཤད་ཀྱི་ཡོད་རེད། དེ་ལྟར་བཤད་དུས་ད་དུང་དོགས་པ་ཟ་ནས་མ་རེད་མདོག་མདོག་བྱས་ན་བྱེད་རྒྱུ་གང་ཡང་ཡོད་མ་རེད། ལོག་པའི་ལམ་ལ་མུ་མེད་ཕྱིར། །ཞེས་གསུངས་པ་བཞིན་བཀག་འགོག་ཐུབ་ཀྱི་མ་རེད། ང་ཚོའི་ངོས་ནས་ common sense, common experience, scientific findings སོགས་དཔང་རྟགས་ཡོད་པ་འདི་ཚོ་རེད། དཔང་རྟགས་དེས་ཁྱེད་རང་ལ་ཕན་གནོད་གང་ཞིག་བྱེད་ཀྱི་འདུག་ཅེས་བསྟན་ནས་ཡ་རབས་བཟང་སྤྱོད་སློབ་སྟངས་བཤད་དུས་སྐྱོན་ཆ་གང་ཡང་ཡོད་མ་རེད་བསམ་གྱི་འདུག་མ་གཏོགས་སྤྱིར་བཏང་ནས་དེ་འདྲའི་དོགས་པ་བྱེད་མཁན་ཡོད་རེད།

དྲི་བ། རྒན་ལགས་ཀྱིས་གཙོས་པའི་ཚང་མར་དགོང་དྲོ་བདེ་ལེགས། Secular Ethics ཞེས་པའི་སྐབས་སུ་ secular གྱི་ཚིག་དེ་འགྲེལ་བརྗོད་བྱེད་སྟངས་མི་འདྲ་བ་མང་པོ་འདུག རྒན་ལགས་ཀྱིས་རྒྱ་གར་དེ་ secularism རེད་ཅེས་གསུང་གི་ཡོད་རེད། ང་ཚོ་བོད་པ་ཁ་ཤས་ཀྱིས་དེ་ཆོས་དད་རང་མོས་ལ་བསྒྱུར་གྱི་འདུག ད་ལྟ་ Secular Ethics ཞེས་པ་དེ་ཆོས་དང་མ་འབྲེལ་བ་ཞེས་བསྒྱུར་གྱི་འདུག དེར་འགྲེལ་བརྗོད་བྱེད་སྟངས་དང་། གོ་བ་ལེན་སྟངས་མི་འདྲ་བ་གང་ཡོད་དམ།

ལན། ད་ལྟ་ཁྱེད་རང་གིས་གསུངས་པ་བཞིན་ཨིན་སྐད་ལ་མཚོན་པ་ཡིན་ན། དེའི་དོན་མི་འདྲ་བ་མང་པོ་ཡོད་ཀྱང་ངས་གོ་བདེ་པོའི་ཐོག་ནས་ཞུས་པ་ཡིན་ན། secular ཞེས་པ་ world ལ་གོ་བ་དང་། world ཞེས་པ་འཇིག་རྟེན་རེད། world and church ཟེར་དུས་ church གྱི་ཆོས་ཕྱོགས་དང་། world གྱི་འཇིག་རྟེན་ལ་གོ་ཡི་ཡོད་ཙང་ནུབ་ཕྱོགས་པའི་ནང་ Secular Ethics ཉམས་ལེན་བྱེད་དུས་ State དང་ religion ཁག་ཁག་འབྱེད་དགོས། Church དང་། state དང་། world ཟེར་ན་ State གཞུང་གིས་ཆོས་ལུགས་ལ་ཐེ་བྱུས་སམ་སྟངས་འཛིན་མ་བྱས་པར་ཁོ་རང་ཚོ་བཞག་སྟེ་བྱུས་གཏོགས་བྱེད་རྒྱུ་ཡོད་མ་རེད་ཅེས་ཁག་ཁག་ཕྱེ་ཡོད། separation of Power ཞེས་ཁྱེད་རང་ཚོས་ཆབ་སྲིད་སྦྱངས་མྱོང་ཡོད་ན་ཤེས་ཀྱི་རེད། ཡིན་ཡང་རྒྱ་གར་གྱི་ secularism ཟེར་དུས་ཆོས་ལུགས་ཚང་མར་བརྩི་བཀུར་ཞུ་དགོས་པ་དང་། གཞུང་གིས་ལྟ་སྟངས་དེ་ཆོས་ལུགས་ཚང་མར་ཉེ་རྒྱང་སྙོམས་པོ་ཞིག་བལྟ་དགོས། དེ་བཞིན་ཐོབ་ཐང་ཡང་གཅིག་པ་དགོས་པ་སོགས་དེ་འདྲ་ཞིག་བཤད་ཡོད་རེད་དེ་ཁ་ཐུག་ཞུས་ན། དེང་སང་གཞུང་གིས་ལས་ཀ་བྱེད་སྟངས་ཀྱི་ཆ་ནས་ཆོས་ཕྱོགས་ལ་མགོ་འདྲེན་བྱེད་རྒྱུ་དང་། ཐེ་བྱུས་བྱེད་རྒྱུའི་རྙོག་དྲ་མང་པོ་ཡོང་གི་ཡོད་ཙང་། ཁ་སང་ཉིན་གཉིས་གོང་ secularism གྱི་གོ་དོན་སྔོན་མ་པཎྜིཏ་ནེཧ་རཱུའི་སྐབས་སུ་བཟོས་པ་དེར་བསྒྱུར་བ་བཏང་ནས་ནུབ་ཕྱོགས་པའི་ secularism ནང་བཞིན་བྱས་ཏེ་བཟོ་དགོས་འདུག་མ་གཏོགས། སྲིད་ཀྱིས་ཆོས་ལ་ཐེ་བྱུས་ཆེ་དྲགས་ན་རྗེས་སུ་རྙོག་དྲ་ཆེན་པོར་འགྱུར་ཉེན་འདུག་ཅེས་ཉིན་གཉིས་གོང་གི་ཚགས་ཤོག་ནང་རྩོམ་ཞིག་ཐོན་འདུག་པ་དེ་འདྲའི་དཀའ་ངལ་ཡོང་གི་རེད། འོ་ན་ Secular Ethics ཞེས་པ་བོད་སྐད་དུ་གང་ཞིག་ལ་བསྒྱུར་དགོས་སམ་ཟེར་དུས། ཆོས་ལུགས་ལ་མ་འབྲེལ་བ་ཟེར་རུང་འབྲེལ་བ་ཡོད་པ་དེ་འདྲ་ཆགས་ཀྱི་ཡོད་རེད། དེར་བསམ་བློ་གཏོང་དུས་ཉེ་ཆར་དིལླཱིར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་དང་། རྒྱ་གར་གྱི་ཤེས་རིག་ལས་ཁུངས་ནས་ལས་བྱེད་ཕེབས་ཡོད་པ་དེ་སྐབས་ང་ཚོས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་བསྒྱུར་ན་གང་འདྲ་འདུག་ཅེས་གོ་བསྡུར་བྱུང་ཡོད། ཆོས་ལུགས་ལ་མ་བརྟེན་པ་ཟེར་དུས་ཡ་རབས་བཟང་སྤྱོད་བསླབ་རྒྱུ་དེ་ཆོས་ལུགས་ནང་ཡོད་མེད་དང་། འབྲེལ་མ་འབྲེལ་གྱི་དོན་མིན་པར། ཆོས་ལུགས་ལ་བརྟེན་ནས་བསླབ་རྒྱུ་དེ་འདྲ་མིན་པར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་དེང་སང་མང་ཆེ་བས་བེད་སྤྱོད་གཏོང་གི་ཡོད་རེད།

དྲི་བ། ཚང་མར་བཀྲ་ཤིས་བདེ་ལེགས། ཆོས་ལུགས་མང་པོ་ཞིག་གིས་བྱམས་སྙིང་རྗེ་དང་གཞན་ཕན་གཙོ་བོར་འཛིན་གྱི་ཡོད་རེད། དེར་བརྟེན་ཆོས་ལུགས་ལ་དགག་པ་རྒྱག་མཁན་ཡིན་མིན་གང་ཡིན་ཡང་དེ་འདྲ་མང་པོ་ཞིག་གི་རྒྱུད་ལ་བྱམས་སྙིང་རྗེ་ཡོད་རེད་ལ་གཞན་ཕན་གྱི་ལས་ཀ་མང་པོ་བྱེད་ཀྱི་ཡོད་རེད། དེ་འདྲ་ཡིན་དུས་ཆོས་ལུགས་ཤིག་ཡོད་པར་སྟོན་པ་ཞིག་ཡིན་གཅིག་དགོས་ཀྱི་ཡོད་དམ། ཆོས་ལུགས་ཤིག་ཡོད་པ་དེའི་མཚམས་འཛིན་ས་གཙོ་བོ་གང་འདྲ་ཞིག་ལ་ཐུག་ཡོད་དམ།

ལན། ཆོས་ལུགས་ཞེས་ལབ་དུས་སྟོན་པ་ཞིག་གིས་མར་གསུངས་པ་ཞིག་ཡིན་པ་འགྲོ་སྟངས་དེ་འདྲ་ཞིག་རེད། ཆོས་ལུགས་ལ་མ་བརྟེན་ཡང་བྱམས་སྙིང་རྗེ་དེ་འདྲ་ཡོང་གི་འདུག་ཟེར་དུས། དེ་ཡོང་གི་རེད་དེ་ཚང་མ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ནང་སླེབས་ཀྱི་རེད། དེ་ཏག་ཏག་ཡིན་ཙང་ཆོས་ལུགས་ལ་མ་བརྟེན་པའི་བྱམས་སྙིང་རྗེ་དང་། ཡ་རབས་བཟང་སྤྱོད་སྐྱེ་རྒྱུ་ཡོད་རེད། དེ་ཆོས་ལུགས་ལ་བརྟེན་དགོས་ཀྱི་མི་འདུག་སྟེ་ངེས་པར་དགོས་ཀྱི་འདུག སྐྱེ་སྟངས་དེ་ཡང་ཆོས་ལུགས་ལ་བརྟེན་ནས་སྐྱེ་རྒྱུ་ཡོད་རེད། འོན་ཀྱང་དེས་ཚང་མ་ལ་སྙོབས་ཀྱི་མི་འདུག དཔེར་ན་ནང་ཆོས་ཀྱི་ཐོག་ནས་བྱམས་སྙིང་རྗེ་གསུངས་པ་ཡིན་ན། འཇིག་རྟེན་བཀོད་པ་པོ་ཁས་ལེན་མཁན་ཞིག་གིས་དེ་འགྲིག་གི་མི་འདུག་ཟེར་བའི་བསམ་ཚུལ་ཡོང་གི་རེད། དེ་འདྲའི་ཆོས་ལུགས་ལ་བརྟེན་ནས་མིན་པར་ཁྱེད་རང་དང་ང་རང་གཉིས་ཀ་མི་ཡིན་པས་ང་ཚོ་མཉམ་དུ་གཤིབ་དགོས་དུས་ཕན་ཚུན་གཅིག་གིས་གཅིག་ལ་མཉམ་རུབ་དང་། ཡ་རབས། གཅིག་གིས་གཅིག་ལ་ཡག་པོ་བྱས་ན་ཡག་ས་རེད་ be nice to each other ཞེས་ལབ་ཀྱི་ཡོད་རེད། དཀྱུས་མའི་ས་ཐོག་ནས་ཡར་ཡོང་བའི་ཡ་རབས་བཟང་སྤྱོད་དང་། bottom up ethics ང་རང་ཚོའི་དགོས་མཁོ་རང་བྱས་ནས་ཆ་བཞག་པའི་ཡ་རབས་བཟང་སྤྱོད། top down ethics ཟེར་དུས་དཀོན་མཆོག་དང་སངས་རྒྱས་བཅོམ་ལྡན་འདས་སོགས་ཁས་ལེན་པའི་ཐོག་ནས་ཁོང་གིས་གསུངས་པ་ཡིན་ཙང་ང་ཚོས་བྱེད་དགོས་རེད་ཟེར་མཁན་ཆོས་ལུགས་དམ་འཛིན་བྱེད་མཁན་མང་པོའི་ནང་ཡོད་རེད། དཔེར་ན། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་ལབ་དུས་ཏན་ཏན་དགག་པ་རྒྱག་མཁན་ཡོང་གི་རེད། གང་ཡིན་ཟེར་ན། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅིག་སློབ་ཐུབ་ཀྱི་ཡོད་མ་རེད། བཟང་སྤྱོད་བསླབ་དགོས་ན་ཆོས་ལུགས་ཤིག་ལ་བརྟེན་དགོས་རེད་ཅེས་མཁྲེགས་པོ་བྱེད་མཁན་ཡོད་རེད། ཡིན་ནའང་༧སྐྱབས་མགོན་རིན་པོ་ཆེ་དང་། སྔོན་གྱི་མཁས་པ་མང་པོ་ཞིག་གིས་བཟང་སྤྱོད་དེ་ཆོས་ལུགས་ལ་བརྟེན་དགོས་ཀྱི་མི་འདུག་གསུངས་ཡོད་རེད། ད་ལྟ་ཁྱེད་རང་གིས་དྲི་བ་དྲིས་པ་བཞིན་རྩ་བ་ནས་དགོས་ཀྱི་མི་འདུག་ལབ་མཁན་ཡང་ཡོད་རེད། བ་ཕྱུགས་ལྟ་བུའི་སེམས་ཅན་ཞིག་ཡིན་རུང་ཆོས་ལུགས་དང་། བཟང་སྤྱོད་ཟབ་པོ་མེད་ཀྱང་ཨ་མས་ཕྲུ་གུ་ལྟ་སྐྱོང་བྱེད་རྒྱུས་མཚོན་པའི་སོ་སོའི་དཔག་ཚོད་ཀྱི་ཡ་རབས་བཟང་སྤྱོད་ཀྱི་ཆ་ཤས་གང་ལ་གང་འཚམས་མི་འདུག་གམ། དེ་ཚོ་གནད་འགག་ཆེན་པོ་ཆགས་ཀྱི་ཡོད་རེད།

དྲི་བ། བཀྲ་ཤིས་བདེ་ལེགས། ང་རང་ ༢༠༡༦ ལོར་འབྲས་བློ་གླིང་གི་སློབ་གཉེར་མཐར་ཕྱིན་པ་ཞིག་ཡིན། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་གསོ་དང་ལམ་སྟོན་གནང་དུས་བྱམས་སྙིང་རྗེ་དང་བཟང་པོ་དགོས་ཀྱི་ཡོད་པ་དེ་ཚོའི་སྐོར་ལ་གསུང་གི་ཡོད་རེད། དཔེར་ན་བྱམས་པ་ལྟ་བུར་ཆ་བཞག་ནས་དེ་འདྲ་དེ་འདྲ་བྱེད་དགོས་རེད་ཅེས་པའི་གནང་སྟངས་གནང་ལུགས་དེ་ཆོས་དང་ཁྱོན་ནས་མ་འབྲེལ་ནས་ཇི་ལྟར་གནང་དགོས་པའི་སྐོར་ལ་མདོར་བསྡུས་ཤིག་གསུང་རོགས་གནང་།

ལན། དཔེར་ན། བྱམས་པ་དང་། སྙིང་རྗེ། བཟོད་པ་གང་ཡིན་ཡང་རེད། ང་ཚོ་སྐྱེས་ཙམ་ནས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་དེ་ཆོས་ལུགས་ནས་གང་ཡང་བསླབས་ཡོད་མ་རེད། ཕྲུ་གུ་མར་སྐྱེ་ཡོང་དུས་ནས་བདེ་བ་འདོད་ཅིང་སྡུག་བསྔལ་འདོད་ཀྱི་ཡོད་མ་རེད། ངས་ནམ་རྒྱུན་བཤད་པ་ལྟར་ཕྲུ་གུ་སྐྱེས་ནས་ལས་ཀ་དང་པོ་ངུ་རྒྱུ་དེ་རེད། ཁོ་ངུ་དུས་གཅིག་ལབ་ཀྱི་ཡོད་རེད། ཁ་ནི་གྲག་ཐུབ་ཀྱི་ཡོད་མ་རེད། ངུ་རྒྱུ་དེ་ཁོའི་སྐད་ཡིག་རེད། ངུས་ནས་གཅིག་དགོས་ཀྱི་འདུག་ཟེར་གྱི་ཡོད་རེད། ཁོ་ངུ་དུས་ང་ལ་ནང་ཆོས་རྒྱས་པོ་ཞིག་ཤོད་དང་། ཆོས་ལུགས་གཞན་ཞིག་ཤོད་རོགས་ཞེས་རྩ་བ་ཉིད་ནས་ཟེར་གྱི་ཡོད་མ་རེད། ཨ་མ་དང་པཱ་ལགས་སུ་ཡིན་ཡང་ང་ལ་དཀའ་ངལ་ཡོད། ལྟ་རྟོག་བྱེད་རོགས། རོགས་པ་བྱེད་རོགས། བྱམས་བརྩེ་སྤྲོད་རོགས་ཞེས་ཟེར་གྱི་ཡོད་རེད། བྱམས་བརྩེ་དེ་ཡང་ལན་དང་རྣམ་སྨིན་ལ་མ་ལྟོས་པའི་རང་བཞིན་ལྷན་སྐྱེས་ཀྱི་བྱམས་བརྩེ་ (unconditional love) ཞིག་དགོས་ཀྱི་ཡོད་རེད། དེ་ཆོས་ལུགས་དང་འབྲེལ་བ་གང་ཡང་ཡོད་མ་རེད། དེ་ལྟ་བུའི་དཔེ་མང་པོ་སྦྱར་རྒྱུ་ཡོད་རེད།

དྲི་བ། ནང་ཆོས་ཀྱི་ནང་རྒྱུ་འབྲས་རྟེན་འབྲེལ་གྱི་ཐོག་ནས་རྟེན་འབྱུང་གི་རྣམ་གཞག་བཤད་ཀྱི་ཡོད་པ་དེ་ཚོ་ཡང་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཆགས་ཀྱི་མ་རེད་དམ།

ལན། འདི་ལ་ད་ལྟ་རྩོད་པ་ཡོང་གི་ཡོད་རེད། ཡིན་ནའང་རྟེན་འབྱུང་གི་རྣམ་གཞག་བཤད་དུས་ནང་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་རེད། རྟེན་འབྱུང་ལབ་ན་ཏོག་ཙམ་དྲག་གི་རེད་མ་གཏོགས། སྟོང་པ་ཉིད་ལབ་ན་ཐ་སྙད་ཁོ་རང་གིས་ཕྲན་བུ་ཁག་པོ་ཆགས་ཀྱི་ཡོད་རེད། རྟེན་འབྲེལ་གྱི་རྣམ་གཞག་རགས་པའི་སྒོ་ནས་རྒྱུ་དང་རྐྱེན་ལ་ལྟོས་ནས་ཕར་ཡག་པོ་བྱས་ན་ཚུར་ཡག་པོ་བྱེད་ཀྱི་ཡོད་པ་དང་། ཕར་སྡུག་ཆགས་བྱས་ན་ཚུར་སྡུག་ཆགས་བྱེད་ཀྱི་ཡོད་པ་དེ་ཚོ་རྒྱུ་མཚན་གྱི་ཐོག་ནས་ཤོད་ཐུབ་ཀྱང་རྣམ་གཞག་ཕྲ་མོ་དེ་འདྲ་འགྲོ་རྒྱུ་ཁག་པོ་རེད།

དྲི་བ། གལ་ཏེ་མང་ཚོགས་ལ་རྣམ་དཔྱོད་མེད་ན་ཆོལ་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ཇི་ལྟར་ཕན་ཐོགས་ཡོང་ངམ། དཔེར་ན། ར་བཟི་ལྟ་བུ་ཞིག་ཡིན་ན་ཇི་ཙམ་མ་འཐུང་ཞེས་སློབ་གསོ་བྱས་ཀྱང་ཉན་འཇོག་མ་བྱས་པར་འཐུང་གི་ཡོད་པ་དང་། དེ་བཞིན་བསམ་བློ་གཏོང་རྒྱུ་མེད་མཁན་ཚོར་དམིགས་བསལ་གང་ཞིག་གནང་རྒྱུ་ཡོད་དམ།

ལན། ང་ཚོས་ཤེས་དགོས་པ་ཞིག་ལ་ཡ་རབས་བཟང་སྤྱོད་བསླབས་ནས་དཀའ་ངལ་ཚང་མ་སེལ་བ་དང་། མི་ཚང་མས་ཉན་གྱི་རེད་ཟེར་གྱི་ཡོད་མ་རེད། འོ་ན་གང་ཞིག་ཟེར་གྱི་ཡོད་རེད་ཅེ་ན། ཆུ་ལོག་ཤོར་བ་དང་། ཐན་པ་བྱུང་བ་སོགས་རང་བྱུང་གི་གནོད་འཚེའི་དཀའ་ངལ་མང་པོ་ཞིག་ཡོད་པ་དེ་ཚོར་བྱེད་རྒྱུ་གང་ཡང་ཡོད་མ་རེད། དེ་མིན་དེང་སང་མིས་ཆེད་དུ་གཉེར་ནས་བཟོས་པའི་དཀའ་ངལ་མང་པོ་ཞིག་ཡོད་རེད། དཀའ་ངལ་དེ་ཚོ་མི་རྣམས་མཐོང་རྒྱ་ཐོས་རྒྱ་ཆུང་དྲགས་པ་དང་། ཕན་ཚུན་གཅིག་གིས་གཅིག་ལ་བརྟེན་པའི་རང་བཞིན་བྱས་ནས་བསྡད་དགོས་པ་དེ་ཡག་པོ་མ་ཤེས་པ། རང་ཉིད་ཁེར་རྐྱང་གི་བསམ་བློ་བཏང་ནས་སོ་སོར་ཁེ་བཟང་ཐོབ་ན་གཞན་དག་ག་རེ་བྱས་ཀྱང་བྱས་སྙམ་པའི་བསམ་བློ་བཏང་ནས་དཀའ་ངལ་མང་པོ་ཞིག་ཡོང་གི་ཡོད་རེད། དཀའ་ངལ་དེ་རིགས་འགྲེལ་བཤད་བརྒྱབ་སྟེ་ཡག་པོ་ཤེས་ན་འགྱུར་བ་གཏོང་ཐུབ་ཀྱི་རེད། དེ་བཞིན་ང་དིལླཱིར་སྡོད་དུས་བཀའ་མོལ་ཞིག་བྱུང་སོང་བ་དེ་ཞིབ་ཚགས་བཤད་མི་དགོས་པར་དམིགས་ས་གཙོ་བོ་དེ་གཞོན་སྐྱེས་ཚོ་ཆགས་ཀྱི་ཡོད་རེད། རྒན་པ་ཚོ་ལོ་ཡར་ཙམ་སླེབས་ཏེ་སོ་སོའི་བསམ་ཚུལ་ཞིག་ཡོད་ཙང་ཕྲན་བུ་འཇུག་ཁག་པོ་ཡོད་རེད། ལོ་གཞོན་པ་ཚོ་ད་ལྟ་མི་ཚེ་བསྐྱལ་རྒྱུ་མང་བ་ལྷག་ཡོད་རེད། ཁོང་ཚོས་ལམ་ཞིག་ནོར་ན་དོན་མེད་ཀྱི་དཀའ་ངལ་མང་པོ་མྱང་གི་རེད། ཁོང་ཚོས་དཀའ་ངལ་མྱང་རྒྱུ་དེ་ཚོ་མ་ཤེས་པར་དོན་མེད་མྱོང་གི་ཡོད་ཙང་། བྱམས་པ་དང་སྙིང་རྗེ་བཤད་ན་འདི་ནི་ཆོས་ཀྱི་སྐད་ཆ་གང་ཡང་མིན་པར་ཁྱེད་རང་དང་ཁྱེད་རང་གི་ཁྱིམ་ཚང་སྐྱིད་པོ་ཡོང་རྒྱུར་ཕན་ཐོགས་ཡོང་གི་རེད། ཚན་རིག་གི་ཐོག་ནས་ཀྱང་བྱམས་སྙིང་རྗེ་བསྒོམས་ན་ཁྲག་ཤེད་རྒྱས་ཀྱི་མི་འདུག མགོའི་ན་ཚ་ཉུང་དུ་འགྲོ་ཡི་འདུག་གསུང་གི་ཡོད་རེད། བྱས་ཙང་དེ་ཚོ་ཚང་མ་ཁྱེད་རང་གི་ལག་པར་ཡོད་སྐོར་སོགས་གསུངས་ཏེ་ data དེ་ཚོ་བསྟན་ནས་འགྲེལ་བཤད་ཡག་པོ་བརྒྱབ་པ་ཡིན་ན། དངོས་གནས་ང་རང་གི་ལག་པར་འདུག་བསམ་པ་དེ་འདྲ་ཡོང་གི་རེད། གཞན་དག་ཕར་བཞག་ནས་ད་ལྟ་ཁྱེད་རང་གིས་གསུངས་པའི་ངན་གོམས་ཡོད་པ་དེ་ཚོའི་རིགས་ལའང་ཐབས་ལམ་མང་པོའི་སྒོ་ནས་སློབ་གསོ་བརྒྱབ་སྟེ་འགྱུར་མཁན་མང་པོ་ཡོང་གི་ཡོད་རེད། དེ་ཚོས་ཆ་ཚང་བ་འགྲིག་ཐུབ་ཀྱི་མེད་པས་ད་ཆ་གང་ལ་གང་འཚམས་ཤིག་དཀའ་ལས་བརྒྱབ་ནས་མ་བྱས་ན་འགྲིག་གི་མི་འདུག་ཅེས་༧སྐུ་མདུན་གྱི་དགོངས་པ་བཞེས་སྟངས་དེ་འདྲ་རེད།

དྲི་བ། རྒན་ལགས་ཀྱིས་གཙོས་པའི་ཚང་མར་འཚམས་འདྲི་བཀྲིས་བདེ་ལེགས། ང་རང་ཏཱ་ལའི་བླ་མའི་མཐོ་སློབ་ནས་ཐོན་པའི་སློབ་ཕྲུག་ཅིག་ཡིན། ང་རང་འཛིན་རིམ་བདུན་པ་ནས་སྤྱི་ཚོགས་ཚན་རིག་སོགས་སྦྱོང་དུས་དེ་ཚོའི་ནང་ང་ཚོས་རྒྱ་གར་གྱི་རྩ་ཁྲིམས་སོགས་ཕྲན་བུ་སྦྱང་གི་ཡོད་རེད། ད་ལྟ་གོང་དུ་ཁོང་ཚོས་གསུངས་པ་བཞིན་རྒྱ་གར་དེ་ secular state རེད། ང་རང་རྒྱ་གར་ནང་སྡོད་དུས་རང་ཉིད་ཀྱི་གོ་རྟོགས་ལ་རྒྱ་གར་འདི་ཆོས་དད་རང་མོས་ཙམ་མ་གཏོགས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ Secular Ethics ཅེས་པ་དེའི་གོ་བ་དེ་འདྲ་ཁྱོན་ནས་ལེན་མྱོང་མེད། ད་ལྟའི་ཆར་དེ་ཁྱབ་ཆེན་པོ་དང་། ལྷག་དོན་༧གོང་ས་མཆོག་གིས་དེའི་ཐོག་ལ་གསུང་དུས་ངས་དྲི་བ་ཞུ་རྒྱུར་རྒྱ་གར་ནང་སྤྱིར་བཏང་མི་ཡག་པོ་མང་པོ་ཡོད་ཀྱང་། ང་རང་རྒྱ་གར་ནང་སྡོད་སྐབས་སོ་སོའི་མཐོང་སྣང་ལ་རྒྱ་གར་གྱི་མི་མང་པོ་ཞིག་གི་རང་བཞིན་རྩུབ་པོ་དང་། དམིགས་བསལ་བུད་མེད་མང་དག་ཅིག་ལ་ཞེ་དྲག་སྡང་པོ་དང་རྩུབ་པོ་བྱེད་ཀྱི་ཡོད་པ་དེ་ནི་རང་ཉིད་ཀྱི་མ་དགའ་ཤོས་བྱུང་བར་བརྟེན། ཁོང་ཚོར་བཟང་སྤྱོད་ Secular Ethics ཞེས་པའི་སློབ་སྦྱོང་རྩ་བ་ནས་མེད་པའི་ཚོར་སྣང་སླེབས་མྱོང་། འོན་ཀྱང་འཛམ་གླིང་ནང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སྦྱོང་ཚན་དེ་དར་ཁྱབ་འགྲོ་དུས་རྒན་ལགས་ཁྱེད་རང་ལྟར་ན་རྒྱ་གར་ནང་དེའི་གོ་རྟོགས་ཡོད་དམ་མེད། ཡོད་ན་བུ་མོར་བཙན་གཡེམ་གཏོང་རྒྱུར་གྲགས་ཆེན་པོ་ཡོད་པ་དེ་ཚོ་ག་རེའི་སྐྱོན་ཆ་ཡིན་ནམ།

ལན། གོང་ཞུས་བཞིན་རྒྱ་གར་མ་ཡིན་པའི་ལུང་པ་གང་དུ་ཕྱིན་ཀྱང་། མི་ཚང་མ་གཅིག་ནང་བཞིན་ཡག་པོ་རྐྱང་རྐྱང་ཡིན་པའི་ལུང་པ་གཅིག་ཀྱང་བསྟན་རྒྱུ་ཡོད་མ་རེད། ང་ཚོ་བོད་པར་ཆ་བཞག་ཀྱང་ཡོད་མ་རེད། བོད་པའི་ནང་སྡུག་ཆགས་བྱེད་མཁན་མང་པོ་ཡོད་རེད། འོན་ཀྱང་ང་ཚོའི་དམིགས་ཡུལ་དེ་གང་རེད་ཅེ་ན། ད་ལྟ་བཟང་སྤྱོད་ཉམས་འགྲོ་ཡི་ཡོད་པ་དེ་གང་ཐུབ་ཐུབ་ཀྱིས་སྲུང་སྐྱོབ་བྱས་ནས་གོང་སྤེལ་གཏོང་ཐབས་བྱ་རྒྱུ་དེ་རེད། ད་ལྟ་རྙོག་དྲ་མང་པོ་ཡོང་གི་ཡོད་པ་དེ་ཚོར་རིམ་གྱིས་སློབ་སྦྱོང་སྤྲད་ནས་བསམ་བློ་འཁོར་བཅུག་སྟེ་འགྱུར་བ་མ་བཏང་ན་དཀའ་ངལ་དེ་དག་མུ་མཐུད་ནས་ཡོང་གི་འདུག དེར་བརྟེན་ཤུགས་བརྒྱབ་དགོས་ཀྱི་འདུག་ཅེས་ལབ་ཀྱི་ཡོད་རེད། ད་ལྟ་ཁྱེད་རང་གིས་ལབ་པ་དེ་ཏག་ཏག་རེད། དེའི་གོང་ནས་ཤུགས་བརྒྱབ་སྟེ་སློབ་མཁན་མེད་ཙང་དེ་ཚོ་ཚང་མ་ཡོང་གི་ཡོད་རེད། འོན་ཀྱང་རྒྱ་གར་ནང་དུའང་མི་ཡག་པོ་མེད་དམ་ཞེ་ན་མ་རེད། དཔེར་ན། སངས་རྒྱས་བཅོམ་ལྡན་འདས་དང་། མགོན་པོ་ཀླུ་སྒྲུབ། དེ་བཞིན་བདག་ཉིད་ཆེན་པོ་གཱནྡྷཱི་ལ་སོགས་པ་མི་ཡག་པོས་ཁེངས་ཡོད་རེད། དེང་དུས་ཀྱང་ཡ་རབས་བཟང་སྤྱོད་གནང་མཁན་ཞེ་དྲག་མང་པོ་ཡོད་རེད། འོན་ཀྱང་ང་ཚོ་གྲོང་ཁྱེར་དང་ཚོང་བརྒྱབ་ས་སོགས་ལ་འགྲོ་དུས་དངུལ་རྐྱང་རྐྱང་མ་གཏོགས་བསམ་བློ་གཏོང་གི་མེད་པ་དེ་འདྲ་ཐུག་དུས། སྤྱོད་པ་རྩུབ་མདོག་ཁ་པོ་དང་དངུལ་མ་གཏོགས་བསམ་རྒྱུ་མེད་མཁན་གྱི་བཟོ་འདྲ་པོ་མཐོང་གི་ཡོད་རེད། གལ་ཆེ་ཤོས་ཁོར་ཡུག་དང་། བཟང་སྤྱོད། མི་རིགས་ཕན་ཚུན་གྱི་དཀའ་ངལ་ཡོད་རེད། དཀའ་ངལ་དེ་ཚོ་སེལ་ཐབས་ཆེད་འགན་ཁྱེར་ནས་བསླབས་ཏེ་ནུས་ཤུགས་ཤིག་ཐོན་ན་བཟང་པོ་མང་པོ་ཡོད་སར་ངན་པ་དེ་སྡོད་མི་ཐུབ་པ་ཞིག་སླེབས་རྒྱུའི་རེ་བ་ཡོད་རེད། དེ་ཚོའི་ཆེད་༧གོང་ས་མཆོག་གི་དགོངས་གཞི་རྒྱ་ཆེན་པོ་རེད་བསམ་གྱི་འདུག

དྲི་བ། ང་རང་ཝཱ་རཱ་ཎ་སཱི་ནས་ཡིན། ངའི་བཀའ་འདྲི་ཞུ་རྒྱུར་ vipassana སློབ་གནང་མཁན་ Goenka ལགས་ནས་བཟང་སྤྱོད་ཐོག་སློབ་སྟོན་གནང་སྐབས། ནང་ཆོས་དང་འབྲེལ་བའི་བཀའ་མོལ་མང་དག་གསུང་གི་འདུག་པ་དེས་མི་མང་པོ་ཞིག་ལ་ཕན་ཐོགས་ཀྱི་ཡོད་རེད། འོན་ཀྱང་ཁོང་གིས་ནང་ཆོས་བཤད་ཀྱི་མེད་ཅེས་ཁྱབ་བསྒྲགས་གནང་གི་འདུག ནང་ཆོས་དེ་ཕན་ཐོགས་པོ་ཡོད་ཙང་ཆོས་ཁས་ལེན་མིན་ལ་མ་ལྟོས་པར་ནང་ཆོས་དང་འབྲེལ་བ་དེ་འདྲ་བཤད་ན་རུང་གི་ཡོད་དམ་མེད། དེ་བཞིན་ཡ་རབས་བཟང་སྤྱོད་ Secular Ethics དེ་གལ་ཆེན་པོ་ཡིན་སྟབས་ང་ཚོ་མི་རེ་ངོ་རེས་གང་བྱེད་ཐུབ་རྒྱུ་ཡོད་དམ།

ལན། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་པ་ཟེར་དུས་ནང་ཆོས་མ་སློབ་ཟེར་གྱི་ཡོད་མ་རེད། ནང་ཆོས་ང་ཚོས་མུ་མཐུད་དེ་བསླབས་ནས་འགྲོ་ཡི་ཡོད་རེད། འོན་ཀྱང་དེ་ཉན་པར་ནང་ཆོས་ལ་ཡིད་ཆེས་ཡོད་པ་དང་བསམ་བློ་གང་འཚམས་གུ་ཡངས་པོ་ཡོད་པ་དེ་ཚོར་མ་གཏོགས་ཡོང་གི་མེད་པས་ཚང་མར་སྙོབ་ཀྱི་ཡོད་མ་རེད། འོན་ཀྱང་བཟང་སྤྱོད་དེ་ཉམས་ཆག་འགྲོ་ཡི་ཡོད་ཙང་ཚང་མར་ཕན་པའི་ཡ་རབས་བཟང་སྤྱོད་ཅིག་བཟོ་དགོས་འདུག་ཅེས་གསུང་གི་ཡོད་རེད། ནང་ཆོས་ཉན་མཁན་ཡོད་ན་སུ་ལ་བཤད་ཀྱང་འགལ་བ་གང་ཡང་མེད་རེད་བསམ་གྱི་འདུག་པས། དེ་བཤད་ན་འགྲིག་གི་ཡོད་རེད། Goenka ངའི་དངོས་སུ་མཇལ་མྱོང་། Sananta Dharma ལྟ་བུ་ཞིག་ཟེར་གྱི་འདུག ཚང་མར་ཁྱབ་རྒྱུའི་ཆོས་ལུགས་དེ་འདྲ་བཤད་པར་ཁོང་ནི་ཕལ་ཆེར་བརྨཱའི་ནང་པའི་ཆོས་བརྒྱུད་ནས་བྱུང་བ་ཞིག་རེད། ཁོང་གིས་ཉིན་རེར་དབུགས་འབྱུང་རྔུབ་དང་འབྲེལ་བའི་སྐོར་བསླབས་ནས་ལུས་སེམས་བདེ་ཐང་ཡོང་རྒྱུ་དང་། ལུས་དྲན་པ་ཉེར་བཞག ཚོར་བ་དྲན་པ་ཉེར་བཞག་དེ་ཚོའི་ཐོག་ནས་བདེ་སྐྱིད་ཡོང་རྒྱུ་གཙོ་བོ་སློབ་ཀྱི་ཡོད་རེད། དེར་ནང་པ་མ་ཡིན་པ་སུ་ཡོང་ཡང་འགྲིག་གི་ཡོད་རེད། དེར་བརྟེན་ཁོང་གིས་ཚང་མར་ཕན་པ་ཞིག་གསུང་གི་ཡོད་རེད། ད་ལྟའི་དྲི་བ་ཐ་མ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཐོག་ང་ཚོ་མི་རེ་ངོ་རེས་ཉམས་ལེན་ཇི་ལྟར་བྱེད་དགོས་སམ་ཞེས་པ་དེ་ནི་གནད་འགག་ཆེན་པོ་རེད། དེའི་ཐོག་ཤོད་མཁན་མང་པོ་ཡོད་ཀྱང་ཉམས་ལེན་བྱེད་མཁན་དཀོན་པོ་ཡིན་ཙང་། ང་ཚོའི་སྤྱི་ཚོགས་ནང་དུའང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ལ་བརྟེན་ནས་མང་པོ་སྦྱང་རྒྱུ་ཡོད་རེད། ང་ཚོ་བོད་པ་ཡིན་ན་ནང་ཆོས་ཐོག་ནས་མང་པོ་ཤེས་ཀྱི་ཡོད་ཀྱང་། དེ་དག་ཉིན་རེར་ཉམས་ལེན་བྱེད་ཐུབ་རྒྱུ་ཞེ་དྲག་ཁག་པོ་རེད། ཁོང་ཁྲོ་ཟ་ཡི་མིན་བསམ་བཞིན་དུ་ཁོང་ཁྲོ་ལངས་པ་དང་། རོགས་པ་བྱེད་དགོས་བསམ་བཞིན་དུ་རོགས་པ་བྱེད་ཆོག་ཆོག་ཡོད་ཀྱང་མ་བྱས་པ། ང་ཚོས་ཐབས་ཤེས་གང་བྱེད་རྒྱུ་འདུག་ཅེས་བསམས་པ་ཡིན་ན་དཀའ་ལས་ཁག་པོ་དེ་འདྲ་མ་བྱས་ཀྱང་ལམ་སང་བྱེད་ཐུབ་པ་དེ་ཚོ་བྱེད་ཀྱི་ཡིན་ན། གོམས་ན་སླ་བར་མི་འགྱུར་བའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་གསུངས་པ་བཞིན་རིམ་པས་གོམས་ནས་ཆེན་པོ་ག་རེ་ཡིན་ཡང་བྱེད་ཐུབ་རྒྱུ་ཞིག་ཡོང་གི་རེད། དཔེར་ན། ཁ་ལག་ལྟ་བུ་ཡིན་ན་དང་པོ་ནས་འདི་ཞིམ་པོ་ཡོད་མ་རེད་ཅེས་མ་བཟས་ན་བྲོ་བ་མྱོང་གི་མ་རེད། ཏོག་ཙམ་བཟས་ནས་ཞིམ་པོ་བྱུང་ན་ངས་འདི་དང་པོ་ཞིམ་མདོག་ཁ་པོ་མཐོང་མ་སོང་། ཟ་དུས་བྲོ་བ་ཞིམ་པོ་འདུག ད་དུང་ཏོག་ཙམ་སྤྲོད་དང་ཞེས་མང་པོ་ཟ་ཡི་ཡོད་རེད། དེ་བཞིན་ང་ཚོས་ཆོས་འདི་གཅིག་ནས་ངེས་ཤེས་རྙེད་པའི་ཡག་པོ་ཞིག་མ་ཤེས་པ་བྱས། ཤེས་པ་དེ་ཡང་ལག་ལེན་ལ་མ་བསྟར་བ་ཡིན་ཙང་བྲོ་བ་མྱོང་གི་ཡོད་མ་རེད། ཁྱེད་རང་གིས་བསམ་པ་རྣམ་དག་གི་སྒོ་ནས་རོགས་པ་བྱས་ཏེ་ལག་བསྟར་བྱས་པ་ཡིན་ན། ཁོས་ཁྱེད་རང་ལ་གང་ཡང་མ་སྤྲད་ཀྱང་སེམས་ནང་ངས་བུ་དང་། བུ་མོ་འདི་འདྲ་ཞིག་ལ་ཕན་སོང་ཞེས་རང་བཞིན་གྱིས་སོ་སོར་བདེ་སྐྱིད་ཅིག་ཡོང་གི་རེད། དེ་འདྲའི་བདེ་སྐྱིད་དེ་དངུལ་གྱིས་ཉོ་རྒྱུ་ཡོད་མ་རེད། ཕར་ཕྱོགས་ནས་རང་ཉིད་ལ་གང་ཡང་རག་ཡོད་མ་རེད། གཅིག་བྱས་ན་ཐུགས་རྗེ་ཆེ་ཞེས་ཀྱང་ལབ་ཡོད་ཀྱི་མ་རེད། ང་ཚོས་རོགས་པ་བྱས་ན་འདི་ནས་གཅིག་རག་མི་ཡོང་ངམ་ཞེས་སྒུག་སྡོད་དུས་ཕར་ཕྱོགས་ནས་གང་ཡང་མ་བྱས་ན་དཀའ་ངལ་ཉིས་བརྩེགས་རེད། ང་ཚོའི་སྔོན་གྱི་བླ་མ་ཆེན་པོ་འགའ་ཞིག་གིས་ངའི་སློབ་མ་མང་པོ་ཞིག་ལ་དཔེ་ཆ་མང་པོ་བསླབས་ཀྱང་ངའི་ལན་ལ་ཐུགས་རྗེ་ཆེ་ཞེས་པ་ཞིག་ཀྱང་རེ་བ་བྱས་མེད་ཅེས་གསུང་གི་ཡོད་རེད། དེ་ལྟ་བུར་སྐྱེས་བུ་དམ་པ་ཞེས་ཟེར་བ་རེད། དེ་འདྲའི་བཟོ་འདྲ་པོ་ང་ཚོས་བྱེད་ཐུབ་པ་ཡིན་ན། བོད་པའི་གཟི་བརྗིད་དང་། གཞན་ཕན། ཆོས་སོགས་གང་ཟེར་རུང་དེའི་ཐོག་ནས་ཡོང་གི་རེད། ཁ་བཤད་མང་ཡང་ཉུང་ཡང་རུང་། །དགོས་དོན་ལག་ཏུ་བླངས་ན་གོ །ཞེས་པ་ལྟར་ཁ་ནས་མང་པོ་བཤད་མིན་ལ་མ་ལྟོས་པར་ལག་ལེན་ལ་བསྟར་ན་འགྲིག་གི་རེད་གསུངས་པ་བཞིན་རེད། ཆུང་ཆུང་ཞིག་གི་ཐོག་ནས་བྱེད་ཐུབ་ཀྱང་ཡག་པོ་འདུག དཔེར་ན། གཏོང་ལེན་སློབ་གྲྭ་ལྟ་བུ་རེད། ཁོང་ཚོས་དཔག་ཚོད་ཀྱིས་ཤུགས་བརྒྱབ་ནས་ཡར་རྒྱུག་མར་རྒྱུག་བྱས་ཏེ་གང་སར་བྲིས་ནས་སྦྱར་འདུག དེ་བཞིན་ང་ཚོས་ཀྱང་བཟང་སྤྱོད་སྐོར་ཕྱག་དེབ་ཀློག་དུས་༧སྐུ་མདུན་གྱི་ཕྱག་དཔེ་གཅིག་པུ་མ་རེད། བཟང་སྤྱོད་སྐོར་མཁས་པ་མང་པོའི་འགྲམ་ནས་ཐོན་གྱི་རེད། དེ་ཚོ་ཚུར་བདག་པོ་བརྒྱབ། ཕན་ཚུན་འགྲེམས་སྤེལ་དང་ལག་བསྟར་བྱེད་པ་ཡིན་ན་ཡག་པོ་ཡོང་གི་རེད།

དྲི་བ། ཚང་མར་བཀྲིས་བདེ་ལེགས། ང་རང་ས་རཱ་མཐོ་སློབ་ནས་འཐོན་བཞིན་པའི་སློབ་ཕྲུག་ཅིག་ཡིན། རང་ཉིད་ལ་དོགས་འདྲི་གཉིས་ཡོད། དང་པོ་དེ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་པ་དེ་ཕྱི་རྒྱལ་ལ་དང་པོ་འགོ་བཙུགས་འདུག དེ་བོད་པའི་སྤྱི་ཚོགས་ནང་དང་པོ་འགོ་འཛུགས་མ་ཐུབ་པའི་ཞན་ཆ་གང་ཡིན་ནམ། གཉིས་པ་དེར་ང་ཚོ་བོད་པའི་སློབ་གྲྭ་དང་དགོན་སྡེ་ཁག་ལ་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་པ་ཚང་མར་གོ་རྟོགས་ཡོད་ཀྱང་། བོད་པའི་གཞིས་ཆགས་ཁག་མང་པོ་ཡོད་པ་དེའི་ཐོག་གོ་རྟོགས་ཇི་ཙམ་སྤྲོད་ཐུབ་པ་བྱུང་ཡོད་དམ།

ལན། ངས་འདི་སྐོར་ཚོད་དཔག་འདྲ་ཞིག་ཞུས་པ་ཡིན་ན། ནུབ་ཕྱོགས་ནང་རྙོག་དྲ་མང་པོ་བྱུང་ཡོད་རེད། དེའི་ནང་ཆོས་དང་ཆབ་སྲིད་ཀྱི་འཕོ་འགྱུར་ཤུགས་ཆེན་པོ་འགྲོ་ཡི་ཡོད་རེད། ཆོས་ལུགས་ལ་བརྟེན་ནས་རྙོག་དྲ་ཤུགས་ཆེན་པོ་ཡོང་གི་ཡོད་ཙང་། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཅིག་དགོས་ཀྱི་འདུག་ཅེས་ཟེར་གྱི་ཡོད་རེད། ངས་ནམ་རྒྱུན་དཔེ་དང་སྦྱར་ནས་བཤད་ཀྱི་ཡོད་པ་བདེན་པ་ཡིན་མིན་མི་ཤེས། ཚན་རིག་ལ་ཆ་བཞག་ན། དང་པོ་ Philosophy མ་གཏོགས་ Science ཞེས་པའི་ཐ་སྙད་ཡོད་མ་རེད། Philosophy ནང་གཟུགས་ཅན་ལས་འདས་པའི་སྐད་ཆ་ Metaphysics སྐོར་མང་པོ་ཡོད་རེད། དེའི་ནང་གཟུགས་ཅན་ལས་འདས་པ་མཐོང་རྒྱུ་མེད་པའི་སྐད་ཆ་མང་པོ་ཞིག་ཡོད་ཙང་། མི་མང་པོ་ཞིག་གིས་མཐོང་རྒྱུ་མེད་པའི་སྐད་ཆ་མང་པོ་ཞིག་བཤད་ནས་ཆོ་མི་འདུག མཐོང་རྒྱུ་ཡོད་པའི་གཟུགས་ཅན་གྱི་གནས་ཚུལ་འདི་བཤད་དགོས་ཀྱི་འདུག མཐོང་རྒྱུ་མེད་པ་མང་པོ་ཞིག་བཤད་ནས་གོ་རྟོགས་ཀྱང་ཐུབ་ཀྱི་མི་འདུག་ལ་རྙོག་དྲ་ཡང་ཡོང་གི་འདུག འགའ་ཞིག་གིས་མཐོང་རྒྱུ་མེད་པའི་གནས་ཚུལ་དེ་དག་ལ་གོ་རྟོགས་མང་པོ་ཡོད་མདོག་མདོག་བྱས་ནས་མི་མང་མགོ་སྐོར་གཏོང་མཁན་ཡོང་གི་ཡོད་རེད། དེ་ཚོ་ཆོ་མི་འདུག ད་ཆ་གཟུགས་ཅན་རྐྱང་པ་བཤད་ན་ཡག་ས་རེད་ལབ་ཀྱི་རེད། Metaphysics ནང་ནས་ meta དེ་ཕར་བཞག་ནས་ physics ཚན་རིག་དེ་འདྲ་བྱུང་བ་རེད། དེ་ཚོ་ལྟ་ཚུལ་དང་འགྲོ་སྟངས་གཅིག་པ་རེད། དེ་བཞིན་ secularism ཡང་དེ་འདྲ་རེད་འདུག་བསམ་གྱི་འདུག ཆོས་ལུགས་ཀྱི་གནས་ཚུལ་དེ་བཤད་དུས་དེའི་ནང་ལ་ metaphysics ཡིན་ནའང་རེད། དེའི་ནང་ལ་མཐོང་རྒྱུ་མེད་པའི་སྐད་ཆ་མང་པོ་བཤད་པ་དེས་འགྲིག་གི་མི་འདུག བཟང་སྤྱོད་དེ་ཡང་སྒང་ནས་མར་བཤད་པ་ཙམ་མ་ཡིན་པར། ཉིན་རེའི་མི་ཚེའི་ཉམས་མྱོང་ནང་འཆམ་མཐུན་བྱེད་དགོས་པ་སོགས་དངོས་ཡོད་གནས་ཚུལ་འབྱུང་གི་ཡོད་རེད། དེང་སང་མང་པོ་ཞིག་གིས་སྒོམ་རྒྱག་རྒྱུ་དེ་ཚོ་ཡང་ secular meditation ཞེས་པ་དེ་འདྲ་བྲིས་འདུག ད་ལྟ་ཁྱེད་རང་གིས་གསུངས་པ་དེ་ཚོ་ལས་ཀ་གང་དང་གང་ཡིན་ཡང་ཉིན་གཅིག་ལ་ཚང་མ་ཁྱབ་ཀྱི་མ་རེད། ག་ལེ་ག་ལེར་དོ་སྣང་བྱས་ན། དེ་ secularism གཅིག་པུའི་སྐད་ཆ་མ་རེད། ང་ཚོ་བོད་པ་ལོ་རྒན་པ་མང་པོ་ཞིག་སྤྱིར་བཏང་གིས་ཤེས་ཡོན་ལ་དེ་ཙམ་དོ་སྣང་ཡོད་མ་རེད། དོ་སྣང་དེ་ཙམ་མ་སླེབས་ན་དེ་ཚོ་མང་པོ་ཞིག་གོ་རྟོགས་ཐུབ་ཀྱི་མ་རེད་ལ་དོ་སྣང་སླེབས་ཀྱི་མ་རེད། སྟབས་ལེགས་པར་ང་ཚོ་མི་རྒན་པ་མང་པོ་ཞིག་ལ་ཡ་རབས་བཟང་སྤྱོད་ཡག་ཐག་ཆོད་ཡོད་རེད། རྒན་པའི་ནང་ལ་དེ་ཉམས་རྒྱུའི་ཉེན་ཁ་ཞེ་དྲག་ཡོད་མ་རེད།

དྲི་བ། དགེ་བཤེས་ལགས་ཀྱིས་མི་རྒན་པ་ཚོའི་ནང་ཡ་རབས་བཟང་སྤྱོད་ཡག་པོ་ཡོད་པ་ཉམས་རྒྱུའི་ཉེན་ཁ་ཡོད་མ་རེད་གསུངས་སོང་། ལོ་ན་གཞོན་པ་ཚོའི་ནང་ཉམས་རྒྱུའི་དགག་རྩ་དེ་གང་ལ་ཐུག་ཡོད་དམ།

ལན། དེ་ལ་ངས་ནང་ཆོས་ཀྱི་ལུང་ཞིག་དྲངས་པ་ཡིན་ན། རྐྱེན་ནི་ཉེ་བར་གནས་པ་དང་། །ཚུལ་བཞིན་མ་ཡིན་ཡིད་བྱེད་ལས། །ཞེས་པ་ཞིག་ཡོད་རེད། ནང་གི་ཉོན་མོངས་ཡོད་མུས་ཐོག་ཕྱིའི་རྐྱེན་ཚང་དུས་ཉོན་མོངས་རྣམས་སྐྱེ་ཆོག་ཆོག་ཡོད་རེད། སྔོན་མ་ང་ཚོ་བོད་འདི་ལོགས་སུ་ཁེར་རྐྱང་སྡོད་དུས་ནང་དུ་ཉོན་མོངས་ཡོད་ཀྱང་། ཕྱིའི་རྐྱེན་གྱི་ཁྲ་ཁྲ་ཟིང་ཟིང་ཞེ་དྲག་མེད་པར། བལྟ་རྒྱུ་མཐོང་རྒྱུ་དེ་ཚོ་གྲྭ་ཚང་དང་དགོན་པ་བྱས་ནས་ཚང་མས་ཆོས་བྱས་ན་ཡག་པོ་ཡོད་པ་དང་སྐྱིད་པོ་རེད་ཅེས་བརྗོད་དུས་བཟང་སྤྱོད་ཉམས་པའི་རྒྱུ་རྐྱེན་ཞེ་དྲག་མེད་པར་ཡག་པོ་འགྲོ་ཐུབ་ཀྱི་ཡོད་རེད། དེང་སང་དེ་འདྲ་མ་རེད། རྐྱེན་ནི་ཉེ་བར་གནས་པ་དང་། །ཞེས་གསུངས་པ་བཞིན་ང་རང་ཚོ་ཁྲོམ་གཟིགས་ཁང་ཆེན་ (mall) ལྟ་བུ་ཞིག་གི་ནང་དུ་འགྲོ་བ་ཡིན་ནའང་ཁོང་ཚོས་གཟུགས་སྒྲ་དྲི་རོ་རེག་བྱ་རྣམས་ལ་བཟོ་ལྟ་འདྲ་མིན་བཟོས་ནས་འདིར་ཤོག་ཟེར་མཁན་ཁེངས་བསྡད་ཡོད་ཙང་དབང་པོ་ལྔ་པོ་དེར་ཤོར་འགྲོ་ཡི་ཡོད་རེད། དེ་ལྟ་བུའི་ཕྱིའི་འཁྲུག་རྐྱེན་ཆེན་པོ་ཡོད་ཙང་སྔོན་མ་དང་མི་འདྲ་བ་གཟབ་གཟབ་མ་བྱས་ན་ཉེན་ཁ་ཞེ་དྲག་ཡོད་རེད།

དྲི་བ། རྒན་ལགས་ཀྱིས་གཙོས་པའི་ཚང་མར་བཀྲ་ཤིས་བདེ་ལེགས། ངའི་མིང་ལ་ཚེ་དབང་ཆོས་སྐྱིད་ཡིན། ང་ཉེ་ཆར་ས་རཱ་མཐོ་སློབ་ནས་ཐོན་ཟིན་པ་ཞིག་ཡིན། སྤྱིར་བཏང་ནང་པ་དང་། བོད་པའི་སྤྱི་ཚོགས་སོགས་གང་འདྲ་ཞིག་གི་ནང་ལ་ཡིན་ནའང་ང་ཚོས་བཟང་པོ་བྱས་ན་བདེ་བ་དང་། ངན་པ་བྱས་ན་སྡུག་བསྔལ་ཡོད་རེད་ཅེས་བཤད་དུས། སྐབས་འདིའི་བརྗོད་གཞི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དེ་གཞོན་སྐྱེས་དང་། མ་འོངས་པར་འཚར་ལོངས་བྱེད་བཞིན་པ་ཚོར་འདི་འདྲ་འདི་འདྲ་བྱེད་དགོས་ཞེས་སློབ་གསོ་གང་འདྲ་བསྐྱོན་དགོས་སམ།

ལན། དེའི་ཐོག་སློབ་ཚན་བཟོ་བཞིན་པ་རེད། སློབ་ཚན་དེ་ཡང་ཡག་པོ་བྱས་ན་དགེ་བ་དང་། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་ཀྱི་རེད་ཅེས་བཤད་པ་ཡིན་ན་ཁོང་ཚོས་སྣང་བ་འགྲོ་ཡི་མ་རེད་ལ་ཞེ་དྲག་གོ་རྒྱུ་ཡང་མེད་པ་ལྟ་བུ་རེད། དེ་བཞིན་ཕྲུ་གུ་ཆུང་ཆུང་ལྟ་བུ་ཞིག་ཡིན་ཡང་ཡག་པོ་བྱས་ན་ཡག་པོ་ཆགས་པ་སོགས་དཔེ་མཚོན་གྱི་སྒོ་ནས་གོ་བདེ་པོ་དེ་འདྲ་བཤད་ཆོག་གི་རེད། ངས་ཆེ་ས་ཞིག་ནས་བཤད་པ་ཡིན་ན། ཧར་ཝཊ་མཐོ་སློབ་ནི་སྐད་གྲགས་ཆེན་པོ་ཡིན་པ་དང་། དེའི་ནང་སློབ་སྦྱོང་བྱེད་མཁན་གྱི་སློབ་ཕྲུག་ཚང་མ་སློབ་སྦྱོང་ཡག་པོ་ཡོད་པ་ཤ་སྟག་རེད། ཁོང་ཚོ་སློབ་སྦྱོང་བྱེད་བཞིན་པའི་སྐབས་ལ་བརྟག་དཔྱད་གཅིག་བྱས། དེ་ནས་སློབ་གྲྭ་ཐོན་རྗེས་ལས་ཀ་གང་དང་གང་ཞིག་བྱེད་ཀྱི་འདུག ལས་ཀ་བྱས་ནས་གྲུབ་འབྲས་ག་རེ་འཐོན་གྱི་འདུག ལམ་ལྷོང་ཇི་ཙམ་ཡོང་གི་འདུག་སོགས་བརྟག་དཔྱད་བྱེད་དུས། དེའི་ནང་ནས་སློབ་གྲྭ་འཐོན་མཁན་ཁ་ཤས་ཀྱིས་དངུལ་མང་དུ་བཟོ་རྒྱུའི་ཆེད་རྒྱུགས་པ་དང་། ཁ་ཤས་ཀྱིས་གོ་ས་འཕར་རྒྱུ་ཁོ་ནའི་ཆེད་རྒྱུགས་ནས་ཁྱིམ་ཚང་གི་དོན་དུ་འབྲེལ་བ་ཞེ་དྲག་བྱེད་མ་ཐུབ་པ་དང་། ཡ་རབས་བཟང་སྤྱོད་ལའང་དོ་སྣང་བྱེད་མ་ཐུབ་པ་དེ་འདྲ་བྱས་ཏེ་ཁ་ཤས་འཇུས་ནས་བཙོན་ཁང་ནང་བཅུག་པ་དང་། ཁ་ཤས་ཁྱིམ་ཚང་ཁ་འཐོར་བ་དེ་འདྲའང་བྱུང་ཡོད། དེ་འདྲ་སོང་ཙང་ཁོང་ཚོར་ལམ་ལྷོང་དེ་ཙམ་བྱུང་ཡོད་མ་རེད། དེ་མིན་ཡ་རབས་བཟང་སྤྱོད་བྱས། སོ་སོའི་ཁྱིམ་ཚང་དང་འཆམ་མཐུན་གྱིས་བརྟན་པོ་བྱས་ནས་སྡོད་མཁན་དེ་ཚོ་རྗེས་སོར་ CEO ཟེར་བ་ལྟ་བུ་བཟོ་གྲྭ་སྐད་གྲགས་ཆེན་པོ་དེ་ཚོའི་འགོ་འཛིན་བྱས་ནས་སྡོད་མཁན་དེ་འདྲ་བྱུང་ཡོད་རེད། དེ་ཚོ་ཁོང་ཚོས་ཉམས་ཞིབ་བྱས་ཏེ་ཁུངས་སྐྱེལ་བྱས་ནས་བཤད་ཡོང་གི་འདུག དཔེར་ན། ང་ཚོས་འདི་འདྲའི་རིགས་བྱས་ནས་མགོ་སྐོར་བཏང་བ་ཡིན་ན་ཉིན་ཤས་ཁུངས་འཁྱོལ་ཡང་། རྗེས་སུ་མི་གཞན་གྱིས་ཤེས་རྟོགས་བྱུང་སྐབས་ངོ་ཚ་ཁ་སྐྱེངས་བྱེད་དགོས་པ་ཡོང་གི་རེད་སོགས་དེ་འདྲ་བཤད་རྒྱུ་ཡོད་རེད། དེ་བཞིན་ཡར་ནས་དཀོན་མཆོག་དང་སངས་རྒྱས་ཀྱིས་གསུངས་པ་རེད་ཟེར་བ་དེ་འདྲ་མིན་པར་རྒྱུ་མཚན་གྱི་སྒོ་ནས་བཤད་ཐབས་བྱེད་དགོས། དེ་ལྟར་བཤད་པ་ཡིན་ན་ཁོ་རང་གི་བདེ་བ་དང་སྡུག་བསྔལ་དངོས་སུ་འབྲེལ་འདུག་བསམ་པའི་ངེས་ཤེས་སླེབས་ཀྱི་རེད།

དྲི་བ། གོང་གི་བཀའ་མོལ་ལས་འཕྲོས་ཏེ་ཞུ་རྒྱུ་ཞིག་ལ་དགེ་བཤེས་ལགས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཡང་ཆགས་དུས། མ་འོངས་པར་བོད་པའི་སྤྱི་ཚོགས་ནང་བསླབ་གཞི་དེ་དག་གི་ལས་རིམ་ཇི་ལྟར་བང་བསྒྲིགས་ཡོད་དམ། ལས་རིམ་དེ་དག་བོད་པའི་སྤྱི་ཚོགས་དང་། རྒྱ་གར་གྱི་སྤྱི་ཚོགས། ཨེ་མོ་རི་བཅས་ཀྱི་ནང་འགྲོ་བཞིན་པ་རེད་འདུག དེའི་འགྲོ་གྲོན་གྱི་མཐུན་འགྱུར་སུས་སྦྱར་གནང་གི་ཡོད་དམ།

ལན། འགྲོ་གྲོན་མང་ཆེ་བ་སོ་སོས་གཏང་རྒྱུ་རེད། དཔེར་ན། བཟང་སྤྱོད་ཅེས་པ་བསླབ་རྒྱུ་ཡོད་མེད་ཀྱི་སྐད་ཆ་དེ་གསར་པ་གང་ཡང་མ་རེད། Aristotle དང་ Plato ཁོང་ཚོའི་སྐབས་ནས་གོ་བསྡུར་མང་པོ་བྱུང་ཡོད་རེད། དེ་སྐབས་བཟང་སྤྱོད་བསླབ་དགོས་སམ་མི་དགོས་ཟེར་དུས། ཁོང་ཚོ་ཁ་ཤས་ཀྱིས་བཟང་སྤྱོད་བསླབ་དགོས་པ་དང་། ཁ་ཤས་ཀྱིས་བསླབ་དགོས་མ་རེད་ཟེར་གྱི་ཡོད་རེད། བཟང་སྤྱོད་དེ་མ་བསླབས་ཀྱང་ཚང་མས་རང་བཞིན་ལྷན་སྐྱེས་ཀྱིས་བྱེད་དགོས་པ་ཞིག་ཆགས་ཡོད་རེད་ཅེས་དཔེ་མཚོན་ག་རེ་བཞག་ཡོད་རེད་ཟེར་ན། ས་གནས་ཤིག་གི་ནང་གཞས་འཁྲབ་མཁན་སྐད་གྲགས་ཆེན་པོ་ཞིག་ཡོད་ན། ཁོ་པ་སྐད་གྲགས་ཅན་ཡིན་ཙང་མི་ཚང་མ་ཁོའི་འགྲམ་དུ་གཞས་ལྟ་བར་ཕྱིན་ནས་ཡག་པོ་འཁྲབ་ཀྱི་འདུག སྐད་སྙན་པོ་ཞེ་དྲག་འདུག་ཅེས་ལབ་ཀྱི་རེད། དེ་རྒྱུ་མཚན་དུ་བྱས་ནས་ང་ཚོ་ཚང་མ་གཞས་འཁྲབ་མཁན་དང་། གཞས་གཏོང་མཁན་བྱེད་དགོས་རེད་ཅེས་ཕལ་ཆེར་ལབ་ཀྱི་ཡོད་མ་རེད། འོན་ཀྱང་བཟང་སྤྱོད་ཐོག་སྐད་ཆ་བཤད་དུས་ང་ཚོ་ཚང་མས་དེ་བྱེད་དགོས་པ་རང་བཞིན་གྱིས་གོ་ཡོང་གི་རེད། བྱས་ཙང་བཟང་སྤྱོད་ཀྱི་གནད་འགག་དེ་བསླབ་མི་དགོས་ཀྱང་སུ་ལའང་དགོས་ཀྱི་ཡོད་པ་དེ་འདྲ་ཞིག་ཡོད་རེད་ཅེས་ཟེར་གྱི་ཡོད་ཀྱང་། དངོས་ཡོད་གནས་ཚུལ་ཐོག་དེ་འདྲ་ཞིག་ཡོང་གི་མེད་དུས་བསླབ་དགོས་རེད་ཅེས་བརྗོད་ཀྱི་ཡོད་རེད། བསླབས་ན་སློབ་ཚན་ག་རེའི་ནང་བསླབ་དགོས་སམ་ཞེས་རྙོག་དྲ་མང་པོ་ཡོད་རེད། བསླབས་ན་ཐབས་ལམ་འདྲ་མིན་ཡོང་ཆོག་གི་རེད། སྤྱིར་བཏང་བྱས་ན་གལ་ཆེ་ཤོས་དེ་དགེ་རྒན་དང་། དེ་ནས་འཛིན་སྐྱོང་ཁོར་ཡུག་ནང་རང་ཉིད་བཟང་སྤྱོད་དང་ལྡན་པ་ཞིག་ཡོད་དགོས་པ་རེད། བཟང་སྤྱོད་སློབ་མཁན་གྱི་ངོས་ནས་ཁ་ནས་ཡག་ཐག་ཆོད་བཤད་དེ། དོན་དུ་གོ་ལོག་རྩེ་མཁན་ཞིག་ཡིན་ན་དེ་ལ་ཆ་འཇོག་བྱེད་ཀྱི་མ་རེད། དེ་ཚོ་དངོས་ཡོད་གནས་ཚུལ་གྱི་དཀའ་ངལ་རེད། ང་ཚོས་དགེ་རྒན་ལ་སློབ་གསོ་སྤྲོད་དུས་ཀྱང་སློབ་སྟངས་སློབ་རྒྱུ་དེ་ཡོང་གི་རེད་དེ། སློབ་མཁན་དེ་སྤྱོད་ལམ་ཡག་པོ་མེད་པ་དང་སེམས་ཤུགས་མེད་ན་ཡོང་གི་མ་རེད། ང་ཚོས་དེའི་ཐོག་སྐད་ཆ་ཡང་ཡང་ཤོད་ཀྱི་ཡོད་རེད། སློབ་མཁན་དགེ་རྒན་དེ་ཉིད་ཡ་རབས་སྤྱོད་བཟང་དང་ལྡན་པ་ཞིག་མེད་ན་བསླབ་ཐུབ་རྒྱུ་ཁག་པོ་རེད། སྤྱིར་བཏང་བྱས་ན་དགེ་རྒན་གྱིས་ཆབ་སྲིད་སོགས་ག་རེ་སློབ་ཀྱི་ཡོད་རུང་བཟང་སྤྱོད་དེ་ཞར་དང་ཞོར་ལ་བསླབ་དགོས་པའི་སྐད་ཆ་ཞིག་ཡོང་གི་འདུག སློབ་ཚན་ཞིག་ཟུར་དུ་བཞག་ནས་བསླབ་རྒྱུ་ཡོད་ཀྱང་དེ་ལྟར་མ་བཞག་རུང་སློབ་ཚན་ཚང་མའི་ནང་འདྲེས་ནས་བསླབ་དགོས་པ། དཔེར་ན། ཆབ་སྲིད་ལྟ་བུ་ཞིག་ཡིན་ཡང་དེའི་ནང་བཟང་སྤྱོད་ཁྱོན་ནས་མེད་ན་འཛོར་པོ་ཡོད་པ་ང་ཚོས་མཐོང་བཞིན་པ་འདི་རེད། དངུལ་གྱི་རྗེས་སུ་རྒྱུགས་ནས་རྙོག་དྲ་ལུང་པ་གང་བཟོས་ཏེ་འགྲོ་ཡི་ཡོད་པས་ལུང་པར་ལྷིང་འཇགས་མེད་པ་མ་ཟད། རང་ལ་ཕན་རྒྱུའི་ཚབ་ཏུ་མཐའ་མ་དེར་བཙོན་ཁང་དུ་འགྲོ་རྒྱུ་འཁེལ་གྱི་ཡོད་པ་སོགས་ཀྱི་དཀའ་ངལ་འབྱུང་གི་ཡོད་པས་བཟང་སྤྱོད་དེ་བསླབ་དགོས་འདུག་ཟེར་གྱི་ཡོད་རེད། ཁྱེད་རང་གི་དྲི་བ་ལྟར་ད་ལྟ་ང་ཚོས་ཨེ་མོ་རིའི་ལས་གཞི་ཞིག་བརྩམས་པ་དེའི་འགྲོ་གྲོན་རྣམས་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ཁོང་རང་ཚོས་ཕ་གིར་ཕྱག་ལས་མང་པོ་གནང་སྟེ་ཐབས་ཤེས་གནང་ཡོད་རེད། ང་ཚོས་ཐོག་མའི་ལས་ཁུངས་བཙུགས་པའི་འགྲོ་སོང་དེ་དག་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་གནང་རྒྱུ་བྱས་ཡོད། དེ་ནས་ཁྱབ་འཕེལ་གྱིས་སློབ་གྲྭ་སོགས་ག་པར་ལས་གཞི་འདི་སྤེལ་བར་ཕྱིན་རུང་ཁུངས་སོ་སོས་གཏོང་གི་ཡོད་རེད།

དྲི་བ། དགེ་བཤེས་ལགས་རྣམ་པ་ཚོས་བོད་པའི་སྤྱི་ཚོགས་ཀྱི་སློབ་གྲྭ་ཁག་ནང་ཕྱི་ལོ་ ༢༠༡༨ ནས་ ༢༠༢༠ ནང་ཚུད་བསླབ་གཞི་གཏན་འབེབས་དང་། ལག་བསྟར་བྱེད་འགོ་འཛུགས་རྒྱུའི་ལས་རིམ་བང་བསྒྲིགས་ཚར་ཡོད་དམ།

ལན། བང་རིམ་བསྒྲིགས་ཚར་བ་རེད། ང་ཚོས་བསླབ་གཞི་ཞིག་གཏན་འབེབས་བྱས་ནས་སྦྱོང་བརྡར་ཞིག་སྤྲད་དེ་ feasibility test ག་ཚོད་ཙམ་ཡོང་མིན་ཉམས་ཞིབ་ཅིག་བྱེད་ཀྱི་རེད། དེ་ནས་བསླབ་ཐུབ་ས་རེད་སྙམ་པ་ཞིག་བྱུང་ན་དེ་རྗེས་གང་འཚམས་བསླབས་ཏེ་ཚན་རིག་གི་ scientific data collection ཐོག་ནས་བསླབས་ཟིན་པའི་རྗེས་ལ་ཕྲུ་གུར་ཇི་ཙམ་ཕན་མིན་དང་འགྱུར་བ་ཕྱིན་མིན་བརྟག་དཔྱད་བྱེད་རྒྱུ་རེད། ཕན་གྱི་མེད་ན་ཆོ་གང་ཡང་ཡོད་མ་རེད། འོན་ཀྱང་ཕན་ཐོགས་ཏན་ཏན་ཡོང་གི་རེད་དྲན་གྱི་འདུག གོང་ཞུས་བཞིན་བཟང་སྤྱོད་ཅེས་པ་བསླབ་རྒྱུ་ཡོད་མེད་ནུབ་ཕྱོགས་པའི་ཚན་རིག་གི་ཐོག་ནས་བརྟག་དཔྱད་བྱེད་སྐབས་ཀྱང་བསླབ་རྒྱུ་ཡོད་པར་ངོས་འཛིན་གནང་ཡོད།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་ལས་རིམ་གོ་སྒྲིག་པའི་ངོས་ནས་རྩ་བའི་དྲི་བ་མང་པོ་ཞིག་ཡོད་ཀྱང་དུས་ཚོད་ཀྱི་རྐྱེན་པས་ལས་རིམ་འདིར་མཚམས་འཇོག་བྱེད་ཀྱི་ཡིན། རྣམ་པ་ཚོར་ང་ཚོས་ལས་རིམ་གྲ་སྒྲིག་སྐབས་བཀའ་འདྲི་ཞུ་དུས་ཚང་མ་ཕེབས་ཀྱི་ཡིན་ཞེས་ཐུགས་སྣང་ཆེན་པོ་གནང་བ་ཙམ་དུ་མ་ཟད་བཅར་འདྲི་དང་ལེན་གནང་བར་རྣམ་པ་ཚོ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།། །།

ཕྱིར་གོང་དུ་ལོག