website templates free download

Table

༄༅། །རྒྱ་གར་དང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར། །

(ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཀའ་བློན་ཁྲི་ཟུར་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་ལ་རྒྱ་གར་དང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་བཀའ་འདྲི་ཞུས་ལན།)

དྲི་བ། དྲྭ་རྒྱ་དང་རླུང་འཕྲིན་ཐོག་ནས་ལས་རིམ་གསན་གཟིགས་གནང་མཁན་ཡོངས་ལ་འཚམས་འདྲི་ཞུ། ང་ནོར་བའི་བོད་ཀྱི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་ནོར་བཟང་ཡིན། འདི་ག་རླུང་འཕྲིན་ཁང་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་དང་བསྟུན། ༧གོང་ས་མཆོག་གི་དགོངས་གཞི་གཙོ་གྲས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཐོག་དམིགས་བསལ་མཁས་པ་ཁག་གཅིག་དང་ལྷན་དུ་བཅར་འདྲི་ཞུ་རྒྱུའི་ལས་རིམ་ཆེད་སྒྲིག་ཞུས་པ་འདིའི་ནང་། དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་དང་ལྷན་དུ། རྒྱ་གར་དང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད། ཅེས་པའི་ཐོག་བཀའ་འདྲི་ཞུ་རྒྱུ་ཡིན། རིན་པོ་ཆེས་ང་ཚོར་དུས་ཚོད་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་ཐོག་མར་རིན་པོ་ཆེ་སྐུ་སྒེར་གྱི་ངོས་ནས་༧སྐྱབས་མགོན་རིན་པོ་ཆེའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་དགོངས་གཞིའི་ཐོག་གཟིགས་ཚུལ་གང་འདྲ་ཡོད་དམ།

ལན། སྔོན་མ་ཡིན་ན་༧སྐྱབས་མགོན་རིན་པོ་ཆེས་ཆོས་ཀྱི་ཐོག་ནས་བཟང་སྤྱོད་སྤེལ་རྒྱུའི་ཐོག་བཀའ་མོལ་ཤུགས་ཆེ་ཤོས་གནང་གི་ཡོད་རེད། དེ་དུས་མི་ཡང་མང་ཆེ་བ་ཞིག་ཆོས་ལུགས་གང་ཡང་རུང་བ་ཞིག་གི་རྗེས་འཇུག་ཡིན་པ་རེད། ད་ལྟ་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་ཆོས་ལུགས་མང་པོ་ཉམས་ཆག་ཕྱིན་ནས། ལྷག་བསྡད་པ་དེ་ཆོས་ཀྱི་སྒྲིག་འཛུགས་དང་ཆོས་ཀྱི་མིང་ཙམ་དང་། ཆོས་ལུགས་ཁག་གིས་བཟང་སྤྱོད་སྤེལ་རྒྱུའི་ཚབ་ལ་འཐེན་འཁྱེར་སྤེལ་མཁན་གྱི་བཟོ་འདྲ་པོའི་གནས་ཚུལ་མང་པོ་ཞིག་ཡོང་གི་ཡོད་རེད། ལྷག་པར་དུ་དེང་རབས་ཀྱི་སྤྱི་ཚོགས་ནང་ཚན་རིག་དང་འཕྲུལ་ལས་ཡར་རྒྱས་ཤུགས་ཆེ་ཕྱིན་པ་ཡིན་ཙང་། མི་མང་པོ་ཞིག་གི་བསམ་བློའི་ནང་ཆོས་ཟེར་བ་དེ་རྨོངས་དད་ཡིན་པ་དང་། ཆོས་ཀྱིས་འགྲོ་བ་མིའི་སྤྱི་ཚོགས་ཀྱི་བདེ་དོན་ཆ་ཚང་སྐྲུན་ཐུབ་ཀྱི་མེད་པའི་བསམ་ཚུལ་འཁྱེར་མཁན་དེ་འདྲ་མང་པོ་ཡོད་རེད། དེ་ནས་ཡོངས་གྲགས་སུ་ང་ཆོས་ལ་དད་པ་དང་ཡིད་ཆེས་མེད་ཟེར་མཁན་གྱི་མི་ཡང་མང་པོ་ཞེ་དྲག་ཡོད་རེད། ད་ལྟ་སའི་གོ་ལ་འདིའི་ཐོག་མི་འབོར་དུང་ཕྱུར་བདུན་ཅུ་ཡས་མས་ཤིག་ཡོད་པའི་ནང་ནས་ཆོས་ལ་དད་པ་མེད་པའི་མི་འབོར་གྱི་བརྒྱ་ཆ་ཡང་གང་འཚམས་མཐོ་པོ་སླེབས་ཡོད་རེད། དེ་འདྲ་ཡིན་ཙང་བཟང་སྤྱོད་ཅེས་པ་ཆོས་ལ་དད་པ་ཡོད་མེད་ལ་མ་ལྟོས་པར་འགྲོ་བ་མི་རིགས་སྤྱི་ཡོངས་ལ་དགོས་པ་ཞིག་ཡིན་ཙང་། ཆོས་ཀྱི་ལམ་སྲོལ་དང་བཟང་སྤྱོད་ཀྱི་བསླབ་བྱ་གཉིས་མཉམ་བསྲེས་མ་བྱས་པར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་བྱ་ཞིག་བྱུང་བ་ཡིན་ན། འགྲོ་བ་མི་རིགས་ཡོངས་རྫོགས་ལ་ཕན་ཐོགས་རྒྱུ་ཡོད་པ་ཞིག་དང་། ལྷག་པར་དུ་དེང་རབས་ཀྱི་ཤེས་ཡོན་ལམ་སྲོལ་ནང་། འཇིག་རྟེན་འདིའི་མི་ཕལ་ཆེ་བ་ཤེས་ཡོན་སློབ་སྦྱོང་ཆེད་མི་འགྲོ་མཁན་ཆེས་དཀོན་པོ་ཡིན་པར་བརྟེན་ཤེས་ཡོན་སློབ་སྦྱོང་ནང་བཟང་སྤྱོད་ཀྱི་རྣམ་པ་ཞིག་སླེབས་ཐུབ་པ་ཡིན་ན། ཤེས་ཡོན་སློབ་སྦྱོང་ཞེས་པ་དེ་རྒྱལ་ཁབ་མང་ཆེ་བའི་ནང་གཞུང་གི་སྤྲོད་རྒྱུའི་གནས་སྟངས་ཤིག་ཆགས་ཡོད། འོན་ཀྱང་ཆོས་ལུགས་རིས་མེད་ཀྱི་རྒྱལ་ཁབ་དེ་ཚོའི་ནང་ཆོས་ཀྱི་བསླབ་བྱ་དེ་ཤེས་ཡོན་གྱི་ཁོངས་སུ་མ་སྤྲད་རྒྱུའི་ལམ་སྲོལ་ཞིག་དར་ཡོད་རེད། དེ་ལྟ་བུའི་རྒྱུ་མཚན་མང་པོ་ཞིག་ལ་བརྟེན་ནས་༧སྐྱབས་མགོན་རིན་པོ་ཆེའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་པའི་ཐོག་དགོངས་བཞེད་གནང་དགོས་དོན་དེ་འདྲ་ཞིག་རེད་བསམ་གྱི་འདུག དེའི་དབང་གིས་ཕྱོགས་གཅིག་ནས་ཆོས་ཡོད་མེད་ལ་མ་ལྟོས་པར་ཚང་མས་ལག་ལེན་ལ་བསྟར་ཐུབ་རྒྱུ་དང་། ཕྱོགས་གཞན་ནས་ཆོས་ཀྱི་སློབ་སྦྱོང་མི་སྤྲོད་མཁན་གྱི་གཞུང་འཛིན་གྱི་སློབ་གྲྭ་ཁག་གི་ནང་དུའང་བཟང་སྤྱོད་ཀྱི་ཤེས་ཡོན་དེ་སྤེལ་ཐུབ་རྒྱུ། དེ་དང་ཆབས་ཅིག་འགྲོ་བ་མི་རིགས་སྤྱི་ཡོངས་ཀྱི་ནང་བཟང་སྤྱོད་ཅེས་པ་དེ་མེད་དུ་མི་རུང་བ་ཞིག་ཡིན་པ་ཚང་མའི་བསམ་བློའི་ནང་འཁོར་ཐུབ་རྒྱུའི་ཆེད་དམིགས་ཡུལ་བཟུང་བ་ཡིན་ཙང་། དེ་རླབས་ཆེན་པོ་དང་དུས་རབས་ཀྱི་དགོས་མཁོ་ཆེན་པོ་ཞིག་ཆགས་ཀྱི་ཡོད་རེད་བསམ་གྱི་ཡོད།

དྲི་བ། ༧གོང་ས་མཆོག་གི་དགོངས་གཞི་དེ་དང་། རྒྱ་གར་དབར་འབྲེལ་བ་ག་རེ་གཟིགས་ཀྱི་ཡོད་དམ།

ལན། ༧གོང་ས་མཆོག་གི་དགོངས་གཞི་དེ་དང་རྒྱ་གར་དབར་འབྲེལ་བ་ག་རེ་ཡོད་རེད་ཅེས་པའི་དྲི་བ་དེར་ཏོག་ཙམ་བསྐྱར་བཅོས་གཏོང་དགོས་པའི་བཟོ་འདྲ་པོ་ཞིག་འདུག དགོངས་གཞི་འདི་ནི་འགྲོ་བ་མི་རིགས་སྤྱི་ཡོངས་དང་འབྲེལ་བ་ཡོད་པ་ཞིག་ཡིན་དུས་རྒྱ་གར་ཡང་འགྲོ་བ་མི་རིགས་ནང་ཚུད་ཡོད་པས་རྒྱ་གར་གྱི་མི་དེ་ཚོ་ལའང་འབྲེལ་བ་ཏན་ཏན་ཆགས་ཀྱི་ཡོད་རེད་བསམ་གྱི་འདུག དེ་བཞིན་དྲི་བ་དེའི་རྒྱབ་ལྗོངས་ལ་༧རྒྱལ་བ་རིན་པོ་ཆེའི་དགོངས་གཞིར་ཡོད་པའི་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་པ་དེ་རྒྱ་གར་གྱི་གནའ་བོའི་རིག་གཞུང་ནང་ཡོད་དམ་མེད་ཅེས་བཀའ་འདྲི་གནང་གི་ཡོད་ན། རྒྱ་གར་གྱི་གནའ་བོའི་རིག་གཞུང་ལ་ཡོད་པ་ཞིག་རེད། ཡོད་ལུགས་གང་འདྲ་རེད་ཅེས་ཟེར་བ་ཡིན་ན། བཟང་སྤྱོད་ཀྱི་སྐོར་དེ་གནའ་བོའི་ཆོས་ཀྱི་ཐ་སྙད་ཀྱི་ཐོག་ནས་བཤད་པ་ཡིན་ན་ཚུལ་ཁྲིམས་ཞེས་པ་དེ་རེད། དེ་རྒྱ་གར་ནང་ཡོད་པའི་རིས་སུ་མ་ཕྱེ་བའི་ཆོས་ལུགས་ཡོངས་རྫོགས་ཀྱི་དགོས་ངེས་ཤིག་ལ་བརྩི་གི་ཡོད་རེད་མ་གཏོགས། ཆོས་ལུགས་སུ་གང་གིས་ཚུལ་ཁྲིམས་དང་བཟང་སྤྱོད་དགོས་ཀྱི་ཡོད་མ་རེད་ཟེར་མཁན་ཡོད་མ་རེད། དེ་འདྲ་ཡིན་ཙང་རྒྱ་གར་གྱི་ནང་བཟང་སྤྱོད་དགོས་ཀྱི་ཡོད་པ་གཅིག་གྱུར་རེད། རྒྱ་གར་གྱི་ནང་དུའང་སྐྱེ་བ་སྔ་ཕྱི་ཁས་མི་ལེན་མཁན་གྱི་ལྟ་གྲུབ་སྨྲ་བའི་ཆོས་མེད་རིང་ལུགས་པའི་བཟོ་འདྲ་བྱུང་ཡོད་རེད། རྒྱང་འཕེན་པའི་བཟོ་འདྲ་པོ་དང་། ལྟ་གྲུབ་སྨྲ་བ་པོ་དེ་ཚོའི་ནང་དུའང་བཟང་སྤྱོད་མི་དགོས་ཞེས་ལབ་ཀྱི་ཡོད་མ་རེད། བཟང་སྤྱོད་མེད་ན་སྤྱི་ཚོགས་ཀྱི་བརྟན་བརླིང་དེ་མི་བསྡད་པས་བཟང་སྤྱོད་ངེས་པར་དགོས་ཞེས་ལབ་ཀྱི་རེད། དེ་འདྲ་ཡིན་ཙང་རྒྱ་གར་གྱི་གནའ་བོའི་རིག་གཞུང་ནང་འགྲོ་བ་མི་རིགས་སྤྱི་ཡོངས་ལ་ཆོས་ཡོད་མེད་ལ་མ་ལྟོས་པར་བཟང་སྤྱོད་དགོས་ཀྱི་ཡོད་པ་དེ་རྒྱ་གར་གྱི་གནའ་བོའི་རིག་གཞུང་ནང་ཡོད་པ་ཞིག་རེད། ད་ལྟའི་གནས་སྐབས་ལ་ཆ་བཞག་ཀྱང་རྒྱ་གར་གྱི་མི་རབས་གསར་པའི་ན་གཞོན་དེ་དག་བཟང་སྤྱོད་ཀྱིས་མ་འདང་པའི་དཀའ་ངལ་ཞིག་ཡོད་པ་དེ། རྒྱ་གར་གྱི་གཞུང་དང་མང་ཚོགས་གཉིས་ཀས་ངོས་ལེན་བྱེད་ཀྱི་ཡོད་རེད། དེ་འདྲ་སོང་ཙང་རྒྱ་གར་གྱི་ནང་དུའང་བཟང་སྤྱོད་སྤེལ་རྒྱུའི་ཐབས་ལམ་དེ་མེད་དུ་མི་རུང་ཞིག་ཆགས་པར་བརྟེན། རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་བཟོ་མཁན་དེ་ཚོས་མཚམས་རེ་འགྲོ་བ་མིའི་རིན་ཐང་དང་། མཚམས་རེ་ཀུན་སྤྱོད་ཀྱི་ཐོག་ནས་བཤད་པའི་བཟོ་འདྲ་བྱས་ནས་གང་ལྟར་བཟང་སྤྱོད་སྤེལ་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་རེད། ཐབས་ཤེས་དེ་ཡང་༧སྐྱབས་མགོན་རིན་པོ་ཆེས་བཀའ་གནང་བ་བཞིན་འཆར་གཞི་གོ་རིམ་དང་ལྡན་པའི་ཐོག་ནས་ཁོང་ཚོས་ལམ་སྟོན་བྱེད་མ་ཐུབ་པར་བསྡད་ཡོད་དུས། རྒྱ་གར་ནང་དུའང་དོ་སྣང་བྱེད་མཁན་ཞེ་དྲག་ཡོད་རེད་ལ་རྒྱ་གར་ཙམ་མ་ཡིན་པའི་འཇིག་རྟེན་ཁྱོན་ཡོངས་ལ་དགོས་མཁོ་ཡོད་པ་གསལ་པོ་ཆགས་ཡོད།

དྲི་བ། ངས་ད་ལྟ་བཀའ་འདྲི་ཞུ་རྒྱུ་དེ་ནོར་བ་འདྲ། རིན་པོ་ཆེས་རྒྱ་གར་གྱི་ Secular གསུང་གི་ཡོད་དམ། དེ་དང་འབྲེལ་བ་གང་འདྲ་ཆགས་ཀྱི་ཡོད་དམ།

ལན། རྒྱ་གར་གྱི་ Secular ཞེས་པ་དེར་འགྲེལ་བརྗོད་བྱེད་སྟངས་མི་འདྲ་བ་ཁ་ཤས་ཡོད་རེད། དེའི་ནང་ནས་ཡོངས་གྲགས་ལྟ་བུ་དེ་བདག་ཉིད་ཆེན་པོ་གཱནྡྷཱིས་ཆོས་ཤིག་ཡིན་ཕྱིན་ཆད་ཆོས་ལུགས་ཡོངས་རྫོགས་ལ་གཅིག་གྱུར་གྱི་དད་མོས་ Sarva Dharma Sambhava ཞུ་རྒྱུའི་ཡུལ་ཞིག་ལ་བརྩི་དགོས་པ་དང་། རང་རང་གི་ཆོས་ལུགས་ག་རེ་ཉམས་ལེན་བྱེད་ཀྱི་ཡོད་ཀྱང་དེ་ལོགས་ཀ་རེད་ཅེས་གསུངས་ཡོད། ཡིན་ནའང་རྒྱ་གར་ནང་ཨིན་སྐད་ཀྱི་ Secularism ཞེས་པ་དེར་འགྲེལ་བརྗོད་བྱེད་སྟངས་མི་འདྲ་བ་ཁ་ཤས་བྱུང་བ་རེད། རྒྱ་གར་གྱི་ཐོག་མའི་རྩ་ཁྲིམས་ཀྱི་ནང་ཚིག་དེ་འཁོད་མེད་ཀྱང་རྗེས་མ་རྩ་ཁྲིམས་བསྐྱར་བཅོས་ཀྱི་སྐབས་སུ་སྔོན་བརྗོད་ནང་ Secularism ཞེས་པ་དེ་འཁོད་པ་རེད། Secularism ཞེས་པ་དེ་ཧིནྡཱིའི་ནང་ Dharma Nirpech ཆོས་ལ་ལྟོས་མེད་ཅེས་བསྒྱུར་པ་རེད། གང་འཚམས་ནས་ཆོས་ལ་ལྟོས་མེད་ཅེས་བསྒྱུར་ན་ཁྱབ་ཆེ་དྲགས་འདུག་ཅེས་ Panth Nirpech ཞེས་པར་བསྒྱུར་པ་རེད། Panth ཞེས་པ་ཆོས་བརྒྱུད་ཀྱི་བཟོ་འདྲ་པོ་རེད། ང་ཚོ་བོད་ལ་ཆོས་ལུགས་ཟེར་ན་སངས་རྒྱས་ཀྱི་ཆོས་ལུགས་དང་། ཆོས་བརྒྱུད་བྱས་ན་རྙིང་མ་དང་། བཀའ་བརྒྱུད། ས་སྐྱ་ཞེས་པ་ལྟར་རྒྱ་གར་ནང་ལའང་སྤྱིར་བཏང་ Sanartan Dharma ཞེས་པ་དང་། དེའི་ནང་ Sikh, Jain, Sangha བྱས་ནས་མར་དབྱེ་བ་འབྱེད་དུས་ད་ལྟ་ཁོང་ཚོས་བེད་སྤྱོད་གཏོང་བཞིན་པའི་ཆོས་བརྒྱུད་ལ་ལྟོས་མེད་ Panth Nirpech ཅེས་པ་དེ་རེད། Nirpech ཞེས་པ་ལྟོས་པ་མེད་པའི་དོན་རེད། ནུབ་ཕྱོགས་པའི་བཤད་པ་རྒྱག་སྟངས་ལྟར་གྱི་ཆོས་འགོག་རིང་ལུགས་དང་། ཆོས་འགལ་རིང་ལུགས་ལ་བསམ་གྱི་ཡོད་མ་རེད། གང་ལྟར་གཞུང་གི་ངོས་ནས་ཆོས་འདི་ཡིན་ཟེར་བ་མེད་པར་ཆོས་ལུགས་ཡོངས་རྫོགས་ལ་མ་ལྟོས་པར་བྱས་ནས་ཆོས་ལུགས་ལ་མ་ལྟོས་པ་ཞེས་ཁོ་རང་ཚོའི་བཤད་པ་རྒྱག་སྟངས་དེ་ཁྲིམས་བཟོའི་ལས་དོན་གྱི་ཐོག་ནས་ཆོས་ཀྱི་ཐེ་བྱུས་མེད་པ་ཞིག་རེད། ཡིན་ནའང་ད་ལྟ་བརྒྱ་ཆ་བརྒྱ་ཐམ་པ་ཡོང་གི་ཡོད་དམ་ཞེ་ན། དེ་འདྲ་ཡོང་གི་མེད་ཀྱང་ཁོང་རང་ཚོའི་བསམ་ཚུལ་ཙམ་རེད། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ (Secular Ethics) ཅེས་པ་འདི་ནི་རྒྱ་གར་གྱི་ད་ལྟ་འཛིན་བཞིན་པའི་སྲིད་བྱུས་ཁག་དང་འགལ་བ་གང་ཡང་མེད་པར་ཁོང་རང་ཚོའི་ Secular ཞེས་པ་དེ་དང་ཕལ་ཆེར་གཅིག་པ་འགྲོ་ཐུབ་པ་ཞིག་རེད། ཡིན་ནའང་ང་ཚོས་ཆོས་ལུགས་ལ་མ་ལྟོས་པ་ཞེས་མ་ལབ་པར། ཆོས་ལུགས་ལ་མ་བརྟེན་པ་ཞེས་ལབ་པ་རེད། མ་ལྟོས་པ་དང་མ་བརྟེན་པ་གཉིས་ལ་ཚིག་གི་གོ་དོན་གྱི་ཆ་ནས་ཏོག་ཙམ་ཁྱད་པར་ཡོད་རེད། དེ་འདྲ་ཡིན་ཙང་རྒྱ་གར་གྱི་ནང་ད་ལྟ་ནུབ་ཕྱོགས་ཀྱི་ལུང་པ་ཁ་ཤས་ནང་ཡོད་པ་ནང་བཞིན་གྱི་ Secular ཞེས་པའི་ཚིག་འདིའི་ཐོག་དེ་ཙམ་གྱིས་དགག་བྱ་ཡོད་མ་རེད།

དྲི་བ། ལས་རིམ་འདི་དང་འབྲེལ་བའི་ཐོག་མང་པོ་ཞིག་ལ་བཅར་འདྲི་ཞུ་དུས། ཁོང་ཚོས་མ་བརྟེན་པ་དང་། མ་ལྟོས་པ་ལ་ཁྱད་པར་ག་རེ་ཡོད་རེད་ཅེས་གསུང་གི་འདུག་པས། འདི་སྐོར་རིན་པོ་ཆེས་འགྲེལ་བརྗོད་ཅིག་གནང་རོགས་ཞུ་རྒྱུ་ཡིན།

ལན། མ་ལྟོས་པ་ཞེས་པ་དེ་ང་ཚོ་ནང་པའི་ལྟ་གྲུབ་ནང་རྟེན་འབྱུང་ཞེས་པའི་རྣམ་གཞག་བཤད་དུས། གཅིག་གིས་གཅིག་ལ་མ་ལྟོས་པ་གཅིག་ཀྱང་མེད་པར་ཕན་ཚུན་ལྟོས་ཏེ་གྲུབ་པ་ཤ་སྟག་རེད། ཆོས་ཞེས་པ་དེ་ཡང་ཆོས་མ་ཡིན་པ་ཞིག་ལ་ལྟོས་པ་དང་། བུམ་པ་ཞེས་ཟེར་དུས་བུམ་པ་ཆགས་སྟངས་དེ་བུམ་པ་མ་ཡིན་པ་ལས་ལོག་པ་ཡིན་ཙང་གཅིག་ལ་གཅིག་ལྟོས་པ། དཔེར་ན། རིང་པོ་རང་བཞིན་གྱིས་གྲུབ་པ་མེད། འདི་རིང་པོ་རེད་ཅེས་པ་མེད་ཀྱང་། ཐུང་ཐུང་ཞིག་ལ་ལྟོས་ནས་རིང་པོ་ཆགས་ཀྱི་ཡོད་རེད། ད་ལྟའི་རིང་པོ་དེ་ཡང་དེ་ལས་རིང་བ་ཞིག་ལ་ལྟོས་ན་ཐུང་ཐུང་ཆགས་ཀྱི་རེད། དེ་འདྲ་ཡིན་ཙང་བཟང་སྤྱོད་གང་བཤད་ཀྱང་ཆོས་ལ་ཁྱོན་ནས་མ་ལྟོས་པར་ལོགས་ཀ་ཡིན་དགོས་པ་ཞིག་ཆགས་ཀྱི་ཡོད་མ་རེད། ཆོས་ལུགས་ལ་མ་བརྟེན་པ་ཞེས་པའི་བསླབ་བྱ་དེ་བཤད་སྐབས་ཆོས་ཀྱི་ནང་ནས་འདི་འདྲ་གསུངས་ཡོད་རེད་ཅེས་མ་བཤད་པར། དཔེར་ན། མི་བསད་ན་འགྲིག་གི་མ་རེད་ཅེས་ལབ་ཀྱང་དེར་ལབ་སྟངས་མང་པོ་ཡོད་རེད། མི་བསད་ན་སྡིག་པ་ཡོད་རེད། དམྱལ་བར་སྐྱེ་ཡི་རེད་ཅེས་ལབ་ན་ཆོས་ཀྱི་སྐད་ཆ་རེད། དེ་ཆོས་ལུགས་ཀྱི་ནང་ནས་ཡོང་བ་རེད་མ་གཏོགས་གཞན་དག་གང་ཡང་མ་རེད། མི་བསད་ན་བཙོན་ཁང་ལ་འགྲོ་དགོས་རེད། ཉེས་པ་ཕོག་གི་རེད། ཁྱེད་རང་ཡང་སྐེ་ཐག་བརྒྱབ་ནས་གསོད་སྲིད་ཀྱི་རེད་ཅེས་ལབ་པ་ཡིན་ན། འདི་ནི་ཁྲིམས་ཀྱི་སྐད་ཆ་རེད་མ་གཏོགས་བཟང་སྤྱོད་ཀྱི་སྐད་ཆ་མ་རེད། མི་ཚང་མར་སྲོག་འཚོ་བའི་ཐོབ་ཐང་འདྲ་མཉམ་ཡོད་རེད། ཁྱེད་རང་སྲོག་ལ་ག་ཚོད་གཅེས་པོ་ཡོད་པ་ནང་བཞིན། མི་གཞན་པ་དེ་ཡང་སྲོག་ལ་གཅེས་པོ་ཡོད་རེད། དེ་འདྲ་ཡིན་ཙང་མི་གསོད་རྒྱུ་ཡོད་མ་རེད། མི་ཞེས་པ་ཕན་ཚུན་མཐུན་ལམ་བྱེད་དགོས་རེད་མ་གཏོགས་གནོད་འཚེ་བྱེད་རྒྱུ་ཡོད་མ་རེད། གནོད་འཚེ་བྱས་ན་གཞན་ལ་གནོད་པ་ལས་མང་བ་རང་ལ་གནོད་ཀྱི་རེད། ཅེས་དེ་འདྲ་བཤད་པ་ཡིན་ན་ཆོས་དང་ཁྲིམས་ཀྱི་སྐད་ཆ་མ་ཡིན་པར་བཟང་སྤྱོད་ཀྱི་སྐད་ཆ་རེད། རང་ལ་ཐོབ་ཐང་གང་འདྲ་དགོས་ཀྱི་ཡོད་པ་ནང་བཞིན་མི་གཞན་པ་དེ་ལའང་ཐོབ་ཐང་གཅིག་མཚུངས་དགོས་ཀྱི་ཡོད་པ་དང་། རང་ཉིད་བདེ་བ་འདོད་ལ་སྡུག་བསྔལ་མི་འདོད་པ་ཡིན་པ་ནང་བཞིན། གཞན་པ་དེ་ཡང་བདེ་བ་འདོད་ལ་སྡུག་བསྔལ་མི་འདོད་པ་ཡིན་ཙང་གཞན་གྱིས་རང་ལ་ཚུར་སྲོག་གཅོད་པ་དང་། མི་བདེ་བ་ཞིག་བཟོས་པ་ཡིན་ན། རང་ཉིད་མི་དགའ་བ་ཡོང་གི་ཡོད་པ་ནང་བཞིན་ཕ་རོལ་པོ་དེ་ལའང་ཡོང་གི་ཡོད་ཙང་། མི་ཡིན་པ་འདྲ་མཉམ་རེད། དེ་འདྲ་ཡིན་ཙང་ཚུར་གནོད་པ་སྐྱེལ་བར་དགའ་ཡི་མེད་ན། ཕར་གནོད་པ་བསྐྱལ་རྒྱུ་ཡོད་མ་རེད། ཅེས་པ་འདི་ནི་ཆོས་ཀྱི་སྐད་ཆ་དང་ཁྲིམས་ཀྱི་སྐད་ཆ་ལས་ལོགས་སུ་བཤད་པ་ཡིན་ཙང་ཆོས་ལུགས་ལ་མ་བརྟེན་པ་ཞེས་ཟེར།

དྲི་བ། ༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་པའི་ཐོག་རྒྱ་གར་མང་ཚོགས་སྤྱི་དང་། ལྷག་པར་གཞོན་སྐྱེས་སློབ་ཕྲུག་ཚོའི་ནང་དེའི་སྐོར་ལ་དོ་སྣང་ཅི་འདྲ་ཞིག་ཡོད་མེད་ཐད་རིན་པོ་ཆེས་གཟིགས་ཚུལ་གང་འདྲ་བྱུང་ཡོད་དམ།

ལན། དོ་སྣང་ཆེན་པོ་ཞེ་དྲག་འདུག སྤྱིར་བཏང་ང་རང་བར་ལམ་ཞིག་ནས་གཞི་རྒྱ་ཆེ་བའི་རྒྱ་གར་གྱི་སྤྱི་ཚོགས་ནང་འབྲེལ་བ་དེ་ཙམ་ཡོད་མ་རེད། ང་ཚོ་སློབ་གྲྭ་ཁག་ལ་འབྲེལ་བ་ཡོད་པ་དེ་ཡང་ Krishnamurti སློབ་གྲྭ་བདུན་བརྒྱད་ཅིག་རེད། དེ་ཚོའི་ནང་དོ་སྣང་ཆེན་པོ་ཞེ་དྲག་འདུག ད་ལྟ་༧སྐྱབས་མགོན་རིན་པོ་ཆེའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་ཚན་གྱི་སྐོར་དེ་མེ་རཋ་ (Meerut) ལ་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་གིས་སྒྲིག་གི་ཡོད་རེད། འདི་ལོ་ཕྱི་ཟླ་ ༩ པ་ནས་སློབ་གྲྭ་བཅུ་བཞི་ཙམ་གྱི་ནང་ཚོད་བལྟའི་འགོ་འཛུགས་བྱེད་རྒྱུ་བང་སྒྲིག་གི་ཡོད་རེད། ང་ཚོས་ངོས་འཛིན་བྱས་པའི་སློབ་གྲྭ་བཅུ་བཞི་དེའི་ནང་གི་དགེ་ལས་སློབ་ཕྲུག་ཚོས་ཧ་ལས་པའི་དོ་སྣང་ཆེན་པོ་བྱེད་ཀྱི་འདུག ཁོང་ཚོས་ག་དུས་འགོ་འཛུགས་བྱེད་ཐུབ་ཀྱི་ཡོད་དམ་བསམ་གྱི་ཡོད་རེད། ང་ཚོས་ཐོག་མར་འཛིན་གྲྭ་བདུན་པ་དང་། བརྒྱད་པ། དགུ་པ་གསུམ་ལ་འགོ་འཛུགས་བྱེད་རྒྱུ་ཡིན་པ་རེད། འཛིན་གྲྭ་བདུན་པ་དང་བརྒྱད་པ་གཉིས་ཀའི་སློབ་ཚན་གང་འཚམས་འགྲིག་འགྲོ་ཡི་ཡོད་རེད། ལོ་རེ་ལོ་རེ་བྱས་ཏེ་ཡར་འཕར་རྒྱུ་ཡིན་ཙང་ལོ་གསུམ་གྱི་ནང་ཚོད་བལྟའི་རིམ་པ་དང་པོ་དེ་ཕལ་ཆེར་ཚར་གྱི་རེད་བསམ་གྱི་འདུག དེ་དང་མཉམ་དུ་སྔོན་འགྲོའི་འཛིན་གྲྭ་ནས་འཛིན་གྲྭ་བརྒྱད་པ་བར་མཐུད་རྒྱུའི་སློབ་ཚན་ཞིག་ཀྱང་བཟོ་ཡི་ཡོད་ཙང་། ང་ཚོས་འདི་ལོ་ཕྱི་ཟླ་ ༩ པའི་ནང་ཚོད་བལྟ་བྱ་རྒྱུའི་སློབ་གྲྭ་དེ་ཚོའི་ནང་དགེ་རྒན་དང་། སློབ་ཕྲུག འཛིན་སྐྱོང་ཚང་མས་དོ་སྣང་ཆེན་པོ་ཞེ་དྲག་བྱེད་ཀྱི་འདུག

དྲི་བ། རིན་པོ་ཆེས་དེའི་ཐད་ཆ་རྐྱེན་ཚང་ཡོད་པ་དགོངས་ཀྱི་ཡོད་དམ། དམིགས་བསལ་ང་ཚོ་བོད་པའི་ཕྱོགས་ནས་ཞབས་འདེགས་སྒྲུབ་ཐུབ་རྒྱུ་ཡོད་པ་དེ་འདྲ་གང་གཟིགས་ཀྱི་ཡོད་དམ།

ལན། ཆ་རྐྱེན་ཡོངས་རྫོགས་ཚང་མ་ཚང་ཞེས་པ་དེ་ལབ་ཁག་པོ་རེད། ང་ཚོར་དཀའ་ལས་ཆེ་ཤོས་ག་པར་ཐུག་གི་ཡོད་རེད་ཟེར་ན། ཆ་རྐྱེན་ཚང་བའི་དགེ་རྒན་རག་དགོས་ཀྱི་ཡོད་པ་དང་། ཁོང་ཚོར་སྦྱོང་བརྡར་སྤྲད་ནས་ཆ་རྐྱེན་ཚང་བ་བཟོ་ཐབས་བྱེད་དགོས། ཡིན་ནའང་དགེ་རྒན་ཟེར་དུས་མི་ཡར་འཚར་ལོངས་ཟིན་པ་དང་། སློབ་སྦྱོང་བྱས་ཟིན་པ་ཞིག་མ་གཏོགས་ད་ལྟ་གཞི་ནས་འཚར་ལོངས་བྱེད་བཞིན་པ་དེ་ཚོའི་ནང་དགེ་རྒན་ཡོད་མ་རེད། མ་འོངས་པར་སློབ་ཕྲུག་གི་ནང་གསོ་སྐྱོང་བྱེད་རྒྱུ་དེ་ལས་སླ་བ་དང་། ད་ལྟ་དགེ་རྒན་གསོ་སྐྱོང་བྱེད་རྒྱུ་དེ་དཀའ་ལས་ཁག་པ་འདྲ་ཞིག་མཐོང་གི་འདུག བྱས་ཙང་ང་ཚོ་བོད་རིགས་ཀྱི་ནང་ནས་དགེ་རྒན་ཡག་པོ་དེ་འདྲ་ཐོན་ཐུབ་པ་ཡིན་ན་ཏན་ཏན་ཕན་ཐོགས་ཡོང་ཐུབ་ཀྱི་རེད་བསམ་གྱི་འདུག ད་བར་བོད་པའི་སློབ་གྲྭ་ཁག་གིས་དེའི་ཐོག་དོ་སྣང་དེ་ཙམ་གནང་མ་སོང་། རྒྱ་གར་ནང་དེའི་སྐོར་ལས་ཀ་བྱས་ནས་ལོ་གསུམ་ཙམ་འགྲོ་ཡི་ཡོད་རེད། བོད་པའི་སྤྱི་ཚོགས་ནང་དེའི་ཐོག་ཕལ་ཆེར་ ༢༠༡༦ ཙམ་ནས་སྐད་ཆ་བཤད་རྒྱུ་འགོ་ཚུགས་ཡོད་རེད། དེ་ཡང་༧སྐྱབས་མགོན་རིན་པོ་ཆེས་བཀའ་སློབ་ཐེངས་ཁ་ཤས་གནང་ནས་བྱུང་བ་ཞིག་རེད་མ་གཏོགས་རང་སྐུལ་གྱིས་ཐུགས་སྣང་གནང་ནས་བྱུང་མ་སོང་སྙམ། གཅིག་བྱས་ན་ཕལ་ཆེར་འདི་མུར་ལྷག་པ་ཡིན་གྱི་རེད། བོད་པའི་སློབ་གྲྭ་ཁག་གི་ནང་དེའི་ལག་ལེན་ཡག་པོ་ཞིག་བསྟར་ནས་ལག་ལེན་ཡག་པོ་བསྟར་ཐུབ་མཁན་གྱི་དགེ་རྒན་དེ་འདྲ་ཐོན་ཏེ་རྒྱ་གར་གྱི་སློབ་གྲྭ་གཞན་ལ་དཔེ་མཚོན་བྱེད་ཐུབ་པ་ཡིན་ན་ཡག་པོ་ཞེ་དྲག་ཡོང་གི་རེད་དྲན་གྱི་འདུག

དྲི་བ། རིན་པོ་ཆེས་གོང་དུ་དཀའ་ངལ་དེ་སེལ་ཆེད་དགེ་རྒན་གྱི་དཀའ་ངལ་དེ་གཙོ་བོ་གསུངས་སོང་། མ་འོངས་པར་དགེ་རྒན་གྱི་དཀའ་ངལ་དེ་སེལ་བར་དགེ་རྒན་གསོ་སྐྱོང་གང་འདྲ་གནང་དགོས་ཀྱི་ཡོད་དམ།

ལན། དེ་ནི་ཕུགས་རྒྱང་རིང་པོའི་འཆར་གཞི་བཞག་ན་མ་གཏོགས་ལམ་སང་ཡོང་རྒྱུ་ཁག་པོ་རེད། ད་ལྟའི་ཆར་ད་ལྟ་ཡོད་བཞིན་པའི་དགེ་རྒན་དེ་ཚོར་སྦྱོང་བརྡར་གང་ཐུབ་ཅི་ཐུབ་སྤྲད་ནས་གསོ་སྐྱོང་བྱེད་རྒྱུ་མ་གཏོགས་ཡོད་མ་རེད། མ་འོངས་པར་བཟང་སྤྱོད་ཀྱི་བསླབ་བྱ་དེ་སྔོན་འགྲོའི་འཛིན་གྲྭ་ནས་མཐོ་རིམ་སློབ་གྲྭ་བར་མུ་མཐུད་བསླབས་ནས། དེའི་ནང་ནས་སྦྱོང་བརྡར་ཐོན་པའི་མི་དེ་དག་དགེ་རྒན་བྱེད་པའི་སྐབས་སུ་དཀའ་ངལ་དེ་ཙམ་འཕྲད་ཀྱི་མ་རེད། དགེ་རྒན་ཚད་ལྡན་མང་པོ་འབེལ་འབེལ་ལྷུག་ལྷུག་ཡོང་རྒྱུར་ལོ་བཅོ་ལྔ་ཉི་ཤུ་ཙམ་བསྒུག་དགོས་ཀྱི་རེད་བསམ་གྱི་འདུག སྤྱིར་བཏང་བཟང་སྤྱོད་ཀྱི་བསླབ་བྱ་ཞེས་པ་དེ་ཉིན་གཅིག་གཉིས་ནང་ཡོང་རྒྱུ་ཞིག་མ་རེད། དེ་ཆུང་དུས་ནས་མིའི་གཤིས་ཀའི་ནང་འཇགས་རྒྱུ་ཞིག་བཟོ་དགོས་པས་ད་ལྟ་ང་ཚོས་སློབ་ཚན་བསྒྲིགས་པ་དེ་ཚོ་ལམ་འགྲོ་རྒྱུགས་ཏེ། མ་འོངས་པར་ལོ་བཅུ་གཉིས་བཅུ་གསུམ་ནང་ཏན་ཏན་བཟང་སྤྱོད་དང་ལྡན་པའི་སློབ་ཕྲུག་མང་པོ་དགེ་རྒན་གྱི་ནང་ལ་སླེབས་ཐུབ་པ་ཡིན་ན། དེ་དུས་དཀའ་ངལ་གང་ཡང་འཕྲད་ཀྱི་མ་རེད་བསམ་གྱི་འདུག

དྲི་བ། ནུབ་ཕྱོགས་ཀྱི་རྒྱལ་ཁབ་རེ་ཟུང་ནང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་འདིའི་ཐ་སྙད་ཐོག་དཀའ་ངལ་འཕྲད་པ་དེ་འདྲ་ཡོད་པ་འདྲ། རྒྱ་གར་ནང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དེ་ལག་བསྟར་ཡོང་བར་རིན་པོ་ཆེས་གཟིགས་སྣང་གང་བྱུང་ཡོད་དམ།

ལན། རྒྱ་གར་ནང་ Secular ཞེས་པའི་ཚིག་འདི་ཡོངས་གྲགས་བེད་སྤྱོད་གཏོང་གི་ཡོད་ཙང་དཀའ་ངལ་ཡོད་མ་རེད། ལྷག་པར་དུ་བདག་ཉིད་ཆེན་པོ་གཱནྡྷཱིའི་ Sarva Dharma Sambhava ཞེས་པའི་ཚིག་དེ་དང་སྦྱར་ནས་བྱས་པ་ཡིན་ཙང་དཀའ་ངལ་ཡོད་མ་རེད། ནུབ་ཕྱོགས་ཀྱི་ལུང་པ་ཁ་ཤས་ནང་ Secular ཞེས་པ་ཆོས་འགལ་རིང་ལུགས་ལ་གོ་ཡི་འདུག ཐོག་མར་ Secular གྱི་གནས་ཚུལ་དེ་བྱུང་སྐབས་ཆོས་ལུགས་ལ་འགག་པ་ལྟ་བུ་དང་། ཆོས་ལུགས་ཀྱིས་འགྲིག་གི་མི་འདུག་ཅེས་ཆོས་དང་ཆབ་སྲིད་ལོགས་ཀ་བཟོ་སྐབས་དེའི་སྐབས་ཀྱི་ Secular ཞེས་པ་དེ་ང་ཚོ་བོད་སྐད་ནང་འཇིག་རྟེན་གྱི་ལམ་སྲོལ་དང་། ཆོས་མེད་རིང་ལུགས། ཆོས་འགལ་རིང་ལུགས། ཆོས་འགོག་རིང་ལུགས་ཞེས་པ་སོགས་སྒྱུར་མི་འདྲ་བ་མང་པོ་ཡོད་རེད། སྒྱུར་མི་འདྲ་བ་མང་པོ་ཡོང་དགོས་པའི་རྒྱུ་མཚན་གང་རེད་ཅེ་ན། དེ་ནི་ཕལ་ཆེར་རྒྱལ་ཁབ་སོ་སོའི་ཚིག་མཛོད་ཆེན་མོ་དེ་འདྲའི་ནང་ secularism ཞེས་པའི་ཚིག་གི་འགྲེལ་བཤད་རྒྱག་སྟངས་མི་འདྲ་བ་མང་པོ་བྱུང་ཡོད་པས་རེད། དེ་ཐོག་མར་ཕ་རན་སིའི་གསར་བརྗེའི་སྐབས་ནས་བྱུང་བ་ཞིག་རེད། དེ་སྐབས་ཁོང་ཚོས་དགོན་པ་དང་སྲིད་གཞུང་ separation of Church and State ལོགས་སུ་བཟོ་དགོས་ཀྱི་འདུག་ཅེས་ལབ་ཀྱི་ཡོད་རེད། དེ་བཟོ་སྐབས་ state དེ་ secular བྱེད་དགོས་ཀྱི་རེད་ཅེས་ཟེར་དུས་ཆོས་ལ་དགག་བྱའམ་ཆོས་དང་ལོགས་ཀ་བྱེད་དགོས་རེད་ཅེས་པའི་བཟོ་འདྲ་པོ་གོ་ཡི་ཡོད་རེད། དེ་འདྲ་སོང་ཙང་འགའ་ཤས་ཀྱིས་ཆོས་ཀྱིས་སྤྱི་ཚོགས་ཡར་རྒྱས་འགྲོ་རྒྱུར་ཉལ་ཐ་ནང་བཞིན་རེད་ཟེར་མཁན་ཡང་བྱུང་བ་རེད། མི་ཚང་མ་རྨོངས་དད་ཀྱི་འོག་ཏུ་སོང་ན་ཡུལ་ལུང་ཡར་རྒྱས་མི་འགྲོ་བ་དང་། སྤྱི་ཚོགས་ལ་རང་དབང་ཡོང་གི་མ་རེད་ཟེར་གྱི་ཡོད་རེད། དེར་བརྟེན་ secularism ཞེས་པ་ཆོས་འགལ་རིང་ལུགས་དང་། ཆོས་འགོག་རིང་ལུགས། ཆོས་དང་རྦད་དེ་རྒྱབ་འགལ་བྱེད་དགོས་པའི་བསམ་ཚུལ་ཞིག་སླེབས་ཀྱི་ཡོད་རེད། དེ་འདྲ་ཡིན་དུས་ཁ་ཤས་ཀྱིས་དེའི་ཐོག་ཕྲན་བུ་མི་བདེ་བ་བྱེད་མཁན་མང་པོ་ཡོད་ཙང་ང་ཚོས་ནུབ་ཕྱོགས་སུ་བསྟི་གནས་འཛུགས་རྒྱུ་དེ་ལའང་ Secular Ethics ཞེས་པའི་ཚིག་དེ་བེད་སྤྱོད་བཏང་ཡོད་མ་རེད། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་པའི་ཚིག་དེ་བེད་སྤྱོད་གཏོང་དུས་ང་ཚོར་དགོས་རྒྱུའི་ secular གྱི་དོན་དེ་འགྲིག་པ་དང་། ཁོང་ཚོར་དགོས་རྒྱུའི་ secular གྱི་དོན་དེ་ཆགས་ཀྱི་མེད་ཙང་ད་ལྟའི་གནས་སྐབས་ལ་དེའི་དཀའ་ངལ་ཡོད་མ་རེད་བསམ་གྱི་འདུག

དྲི་བ། རིན་པོ་ཆེས་གོང་དུ་རྒྱ་གར་གྱི་ནང་དེའི་ཐོག་ཐུགས་སྣང་གནང་མཁན་ཚོགས་སྡེ་ཁག་བཅུ་བཞི་ཡོད་རེད་གསུངས་སོང་། དེ་དག་གང་དང་གང་ཡིན་ནམ།

ལན། རྒྱ་གར་གྱི་ནང་སློབ་གྲྭ་ཁག་བཅུ་བཞི་ཡོད་པ་དེ་དག་ཀྱང་ང་ཚོས་བདམས་པ་ཞིག་རེད། མེ་རཋ་ (Meerut) ལ་ཡོད་པའི་ཨཱརྱུ་ ཇྣཱན་ ནྱཱས་ (AyurGyan Nyas) ཞེས་པའི་ཚོགས་པ་དེས་སློབ་ཚན་དེ་སྒྲིག་གི་ཡོད་རེད། དེའི་ཐོག་མའི་ཚོད་བལྟའི་ལས་གཞི་འགོད་རྒྱུར་ཨིན་ཇིའི་བརྒྱུད་ལམ་ཡིན་པའི་སློབ་གྲྭ་ཁ་ཤས་ཤིག་དང་། ཧིནྡཱིའི་བརྒྱུད་ལམ་གྱི་སློབ་གྲྭ་ཁ་ཤས་ཤིག དེ་མིན་གྱི་སྐད་ཡིག་གཞན་གྱི་བརྒྱུད་ལམ་ཡིན་པའི་ས་གནས་ཀྱི་སློབ་གྲྭ་ཁ་ཤས་ཤིག་བཅས་སློབ་གྲྭ་བཅུ་བཞི་བདམས་ཡོད་རེད། སློབ་གྲྭ་བཅུ་བཞིའི་ནང་ང་ཚོས་སློབ་ཚན་སྒྲིག་སྐབས་ནས་ཟབ་སྦྱོང་མང་པོ་འཚོགས་པ་རེད་ལ་དེ་སྐབས་ཁོང་ཚོས་ཀྱང་དོ་སྣང་ཆེན་པོ་ཞེ་དྲག་བྱེད་ཀྱི་འདུག

དྲི་བ། ད་ལྟ་འདིའི་སློབ་ཚན་གྱི་བསླབ་གཞི་དང་ཨེ་མོ་རིའི་ནང་གྲ་སྒྲིག་བྱེད་རྒྱུའི་སློབ་ཚན་དབར་ཁྱད་པར་གང་ཡོད་དམ།

ལན། ཨེ་མོ་རིའི་ནང་སྒྲ་སྒྲིག་བྱེད་བཞིན་པ་དེ་སྒྲོམ་གཞི་རེད། ཨེ་མོ་རིའི་ནང་སློབ་ཚན་བསྒྲིགས་པ་ཆ་ཚང་རྒྱ་གར་ལ་ཏག་ཏག་བསྡད་ཀྱི་ཡོད་མ་རེད། དེ་ཚོ་ཨ་རིའི་སློབ་ཕྲུག་རང་ལ་གཞི་རྩ་བྱས་ནས་ཕ་གིའི་སློབ་སྦྱོང་གི་འགྲོ་སྟངས་གཞི་བཟུང་བྱས་ཏེ་འགྲོ་ཡི་ཡོད་རེད། ས་བཅད་དང་སྒྲོམ་གཞི་རྣམས་དེ་རང་ཡིན་པ་གང་ཞིག་ལ། རྒྱ་གར་གྱི་ཕ་མ་དང་། ཕྲུ་གུ། སྤྱི་ཚོགས་དང་འཚམ་པའི་སློབ་ཚན་ཞིག་བཟོ་དགོས་ཀྱི་ཡོད་རེད། ད་ལྟ་ང་ཚོས་བཟོ་བཞིན་པ་དེ་རྦད་དེ་ལོགས་ཀ་མིན་ཡང་། ཨེ་མོ་རིའི་སློབ་ཚན་དེ་རང་ཚུར་ཁྱེར་ཡོང་བ་ཡིན་ན་ལག་ལེན་བསྟར་ཐུབ་ཀྱི་ཡོད་མ་རེད། ཨེ་མོ་རིའི་དེ་དཔེ་མཚོན་ལ་བཞག་སྟེ། དེའི་ནང་ནས་ལས་གཞི་དང་། སྒྲུང་། དམིགས་བསལ་གྱི་དོན་གནད་ཉམས་ཞིབ་བྱས་པ་ཡིན་ནའང་འདྲ་གང་ལྟར་རྒྱ་གར་གྱི་གནས་སྟངས་ལ་སྦྱར་ནས་བྱེད་ཀྱི་ཡོད་རེད།

དྲི་བ། རིན་པོ་ཆེས་སློབ་གྲྭ་བཅུ་བཞི་གསུང་དུས་ཉེ་ཆར་ཕྱི་ཟླ་ ༦/༧ ཙམ་ལ་དིལླཱིར་ Core Committee ཚོགས་འདུ་ཞིག་གི་ཐོག་རྒྱ་གར་གཞུང་འབྲེལ་གྱི་མི་སྣའི་སྐུ་ཚབ་ཞིག་ཀྱང་བཅར་ཡོད་ས་རེད། དེ་འདྲ་སོང་ཙང་ད་ལྟའི་༧གོང་ས་མཆོག་གི་དགོངས་གཞི་འདིའི་ཐོག་རྒྱ་གར་གཞུང་གི་ཕྱོགས་ནས་གཟིགས་ཚུལ་གང་འདྲ་ཡོད་དམ།

ལན། རྒྱ་གར་གཞུང་གི་ཕྱོགས་ནས་གཟིགས་སྟངས་གང་འདྲ་ཡོད་མེད་ད་ལྟ་ང་ཚོས་གཞུང་འབྲེལ་གྱི་ཐོག་ནས་གསལ་པོ་ཤེས་ཀྱི་ཡོད་མ་རེད། Core Committee ཚོགས་འདུ་འཚོག་སྐབས་རྒྱ་གར་ཤེས་རིག་ལས་ཁུངས་ཀྱི་དྲུང་གཞོན་ཞིག་ཕེབས་འདུག ཁོང་གིས་ཁྱེད་རང་ཚོས་འཆར་གཞི་དེ་ཡག་པོ་བསྒྲིགས་ཏེ་ཚད་ལྡན་བྱུང་རྗེས་གཞུང་ལ་བཏང་བ་ཡིན་ན། རྒྱ་གར་གཞུང་གིས་སློབ་གྲྭ་ཚང་མའི་ནང་འགོ་འཛུགས་བྱེད་ཐབས་ཆེད་ངེས་པར་དུ་བསམ་བློ་གཏོང་གི་ཡིན་ཞེས་གསུངས་སོང་། ད་ལྟ་རྒྱ་གར་གཞུང་གི་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་དེ་ཚོའི་ནང་ཆ་མཚོན་པ་ཡིན་ན། ཁོང་ཚོའི་བསམ་ཚུལ་དེ་མཐུན་ཕྱོགས་ལ་ཡོད་རེད་བསམ་གྱི་འདུག ད་ལྟ་ངས་ཞུས་པའི་ ཨཱརྱུ་ ཇྣཱན་ ནྱཱས་ ཞེས་པ་དེས་སློབ་གྲྭའི་སློབ་ཚན་དེ་ཚོ་སྒྲིག་གི་ཡོད་པ་དང་། ད་ལྟ་མུམྦཨི་ (Mumbai) ལ་ཡོད་པའི་ Tata Institute of Social Sciences མཐོ་རིམ་སློབ་གྲྭ་དེའི་ནང་སློབ་ཚན་བཟོ་རྒྱུའི་འགན་འཁྱེར་གྱི་ཡོད་རེད། དེ་བཞིན་ BIR ཞེས་པ་ཁོ་ཚོས་ནཱ་ལནྡཱ་ཤིཀྵཱ་དང་། དགེ་རྒན་མང་པོ་ཞིག་ལ་སྦྱོང་བརྡར་སྤྲོད་རྒྱུའི་ལས་གཞི་སྤྲད་ཀྱི་ཡིན་ཟེར་གྱི་ཡོད་རེད། རྒྱ་གར་ནང་ལས་གཞི་འགོ་འཛུགས་བྱེད་མཁན་ཁ་ཤས་མ་གཏོགས་ཡོད་མ་རེད། དིལླཱི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཁ་ཤས་ཤིག་གིས་དེའི་ཐོག་ཐུགས་སྣང་གནང་ནས་མཉམ་རུབ་གནང་གི་འདུག

དྲི་བ། དེ་ནས་འཕྲོས་ཏེ་ཞུ་རྒྱུ་ཞིག་ལ། དེ་རིང་སང་ཉིན་རྒྱ་གར་དེ་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་བཞིན་པའི་གནས་སྟངས་ཤིག་ཆགས་དུས། ཁོར་ཡུག་དེ་འདྲ་ཞིག་གི་ནང་༧གོང་ས་སྐྱབས་མགོན་ཆེན་པོ་ཆེ་མཆོག་གི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་འདི་དང་འབྲེལ་བའི་ཐོག་གོ་སྐབས་དང་གདོང་ལེན་གནང་ཕྱོགས་ཐད་དགོངས་གཞི་གང་འདྲ་ཡོད་དམ།

ལན། རྒྱ་གར་ནང་ད་ལྟ་ནས་བརྩིས་པའི་ལོ་བཞི་བཅུ་ལྔ་བཅུ་སྔོན་གྱི་གནས་སྟངས་དང་། ད་ལྟའི་གནས་སྟངས་དབར་འགྱུར་བ་གང་འཚམས་ཕྱིན་ཡོད་རེད། རྒྱ་གར་ཙམ་མ་ཡིན་པའི་ནུབ་ཕྱོགས་རྒྱལ་ཁབ་དང་། དེ་བཞིན་ཡར་རྒྱས་ཕྱིན་ཟིན་པའི་རྒྱལ་ཁབ་མང་པོའི་ནང་དེང་རབས་ཀྱི་སྤྱི་ཚོགས་དཔལ་ཡོན་འདིས་འགྲོ་བ་མིའི་དགོས་མཁོ་སྒྲུབ་ཐུབ་ཀྱི་མེད་པ་དེ་རིམ་པས་ངོ་འཕྲོད་ཡོང་གི་ཡོད་ཙང་། ད་ལྟའི་གནས་སྐབས་སུ་སྲོལ་རྒྱུན་ནང་ཕར་ལོག་རྒྱུའི་འབད་བརྩོན་བྱེད་མཁན་ལུང་པ་ཚང་མའི་ནང་ཇེ་མང་ཇེ་མང་དུ་འགྲོ་ཡི་ཡོད་རེད། དེའི་བདེན་རྟགས་གང་ཡོད་རེད་ཟེར་ན། འདས་པའི་ལོ་ལྔ་བཅུ་ང་གྲངས་རིང་ནུབ་ཕྱོགས་རྒྱལ་ཁབ་ཡར་རྒྱས་ཕྱིན་ཟིན་པ་དེ་ཚོའི་ནང་། བོད་བརྒྱུད་ནང་བསྟན་ཁྱབ་སྤེལ་ཆེན་པོ་དེ་འདྲ་ཡོང་བ་ནི་ང་ཚོ་མིས་འབད་བརྩོན་བྱས་ནས་བྱུང་བ་ཞིག་མིན་པར་ཁོང་རང་ཚོའི་ངོས་ནས་ཚུར་འབད་བརྩོན་བྱས་ནས་བྱུང་བ་ཞིག་རེད། དེ་ནི་ཧ་ལས་དགོས་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་རེད། དེ་བཞིན་རྒྱ་གར་ནང་ལོ་བཞི་བཅུ་ལྔ་བཅུའི་གོང་དེང་རབས་ཀྱི་སྤྱི་ཚོགས་ཀྱི་དཔལ་ཡོན་ལ་ངོ་རྒོལ་བྱེད་མཁན་ཧ་ལམ་གཱནྡྷཱི་དགོངས་པ་རྫོགས་པའི་རྗེས་ལ་མེད་པའི་བཟོ་འདྲ་པོ་རེད། དེ་རིང་སང་ཉིན་གཞོན་སྐྱེས་དང་། རྒན་པའི་ནང་བཅས་ག་པར་ཕྱིན་ཀྱང་དེང་རབས་ཀྱི་སྤྱི་ཚོགས་དཔལ་ཡོན་གྱིས་འདང་གི་མེད་པར་དོ་སྣང་བྱེད་མཁན་ཇེ་མང་ཇེ་མང་དུ་འགྲོ་ཡི་ཡོད་རེད། དཔེར་ན། ངའི་དངོས་སུ་ཉམས་མྱོང་ཡོད་པའི་རྒྱ་གར་གྱི་སྤྱི་ཚོགས་གང་སར་འགྲོ་བའི་སྐབས་ལ། སྔོན་མ་ཡིན་ན་ང་ཚོས་སྐད་ཆ་བཤད་དུས་མི་ལྔ་དྲུག་མ་གཏོགས་འཛོམས་ཀྱི་མ་རེད། དེ་རིང་སང་ཉིན་བརྒྱ་ཕྲག་ཁ་ཤས་ངེས་པར་འཛོམས་ཀྱི་ཡོད་པའི་བཟོ་འདྲ་པོ་འདུག ལྷག་པར་དུ་སྲོལ་རྒྱུན་ནང་པའི་རྗེས་འཇུག་ཡིན་པའི་རྒྱ་གར་གྱི་ས་མཚམས་ཁག་ལ་ཆ་བཞག་ན། བར་སྐབས་ཤིག་ལ་ཁོང་ཚོ་དེང་རབས་ཀྱི་ཤེས་ཡོན་གྱིས་ཡིད་ཕྲོགས་ནས་ཕལ་ཆེར་སོ་སོའི་སྲོལ་རྒྱུན་ནས་ཕར་ལོགས་སུ་འབྱེད་པའི་བཟོ་འདྲ་པོ་རེད། འོན་ཀྱང་ད་ལྟ་ལ་དྭགས་དང་། ཨ་རུ་ཎཱ་ཅལ་པྲདེཤ། སིཀྐིམ་ལ་སོགས་པའི་ས་མཚམས་ཀྱི་སྲོལ་རྒྱུན་གྱི་མི་རིགས་དེ་ཚོའི་ནང་དེང་རབས་ཀྱི་སློབ་སྦྱོང་ཡོད་པའི་ན་གཞོན་བོད་སྐད་ཆ་ཚང་མ་གོ་བ་ཞིག་ཡིན་ནའང་། ཨིན་ཇི་དང་ཧིནྡཱིའི་སྐད་ཀྱི་ཐོག་ནས་སྐད་ཆ་ཉན་ཏེ་ཚང་མ་སེམས་འགུལ་ཆེན་པོ་ཐེབས་པ་མཐོང་གི་འདུག དེ་ལྟར་དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་རིམ་པས་ར་འཕྲོད་ཡོང་དུས། ད་ལྟ་ནས་བརྩིས་པའི་ལོ་ཉི་ཤུ་སུམ་ཅུ་ལྔ་བཅུའི་རྗེས་ལ་ཕལ་ཆེ་བ་ཞིག་མར་ཕྱིར་ལོག་རྒྱག་གི་རེད་བསམ་གྱི་འདུག་ལ་ཕྱིར་ལོག་མ་རྒྱག་ཐབས་མེད་ཆགས་ཀྱི་རེད། དེར་བརྟེན་དེའི་ཐོག་དོ་སྣང་བྱེད་མཁན་ལོ་རེ་ནས་ལོ་རེ་ཤུགས་ཆེ་རུ་འགྲོ་ཡི་ཡོད་རེད་ལ། མ་འོངས་པར་ཡང་ཤུགས་ཆེ་རུ་འགྲོ་བ་མ་གཏོགས་ཆུང་དུ་འགྲོ་ཡི་རེད་བསམ་གྱི་མི་འདུག

དྲི་བ། མཐའ་མ་བཀའ་འདྲི་ཞུ་རྒྱུ་ཞིག་ལ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ང་རང་ཚོ་བོད་པ་ཚོས་ནང་པའི་གཞུང་ནས་བསྟན་པའི་སེམས་ཁམས་རིག་པ་དང་། ཚད་མའི་གཞུང་། དེ་བཞིན་ལྟ་གྲུབ་རིག་གཞུང་གི་ཆ་ནས་རྒྱ་གར་གྱི་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་རྒྱུའི་གོ་སྐབས་དང་ཆ་རྐྱེན་ཚང་ཡོད་པ་ཞིག་བཀའ་སློབ་གནང་གི་འདུག བོད་པའི་སྤྱི་ཚོགས་ཀྱི་ངོས་ནས་ཕར་ཞབས་འདེགས་གང་འདྲ་བྱས་ནས་བསྒྲུབ་དགོས་ཀྱི་རེད་དམ།

ལན། ཞབས་འདེགས་སྒྲུབ་སྟངས་དེ་རྒྱ་གར་གྱི་རིག་གཞུང་རྒྱ་གར་ནང་ཉམས་ཚར་བ་དང་། དཔེ་ཆ་ཡིན་ནའང་བོད་ཡིག་གཅིག་པུའི་ནང་ལ་མ་གཏོགས་རྒྱ་གར་ལ་མེད་པ་དེ་ཚོའི་རིགས་རྣམས་རྒྱ་གར་གྱི་སྐད་དུ་བསྒྱུར་རྒྱུ་དང་། རྒྱ་གར་གྱིས་བརྗེད་ཟིན་པའི་རིག་གཞུང་དེ་ཚོ་ཕར་སློབ་པ་སོགས་ཀྱི་ཐོག་ནས་ང་ཚོས་ཞབས་སྤྱི་ཞུ་དགོས་རེད། བྱས་ཙང་སཱར་ནཱཐ་མཐོ་སློབ་ཀྱི་ནང་དུའང་ཐོག་མར་འགོ་འཛུགས་དུས་ནས་རྒྱ་གར་ལ་ཉམས་ཟིན་པའི་གཞུང་དེ་ཚོ་བོད་སྐད་ཀྱི་ཐོག་ནས་བསྐྱར་གསོ་བྱེད་རྒྱུའི་ལས་གཞི་ཆེན་པོ་ཞིག་ཡོད་རེད། ལས་གཞི་དེའི་ནང་ད་ལྟའི་གནས་སྐབས་ལ་རྒྱ་གར་ནང་མེད་པའི་ཕལ་ཆེར་ཕྱག་དཔེ་བརྒྱ་དང་ལྔ་བཅུ་ཡས་མས་ཤིག་ཡོད་པ་དེ་དག་ལེགས་སྦྱར་སྐད་དུ་བསྐྱར་གསོ་བྱས། དེ་ནས་ཧིནྡཱིའི་སྐད་དུ་བསྒྱུར། ཁ་ཤས་ཨིན་ཇིའི་སྐད་དུ་བསྒྱུར། དེ་བཞིན་རྒྱ་གར་གྱི་མངའ་སྡེ་གཞན་པའི་ནང་དུའང་བསྒྱུར་ནས་འགྲོ་ཡི་ཡོད་པ་དེ་ནི་རིམ་པ་གཅིག་རེད། རིམ་པ་གཉིས་པ་དེ་༧སྐྱབས་མགོན་རིན་པོ་ཆེས་ག་དུས་ཡིན་ནའང་རྒྱ་གར་གྱི་མི་དེ་ཚོར་སོ་སོའི་གནའ་བོའི་རིག་གཞུང་ལ་དོ་སྣང་བྱེད་དགོས་རེད་ཅེས་བཀའ་སློབ་གནང་གི་ཡོད་རེད། གནའ་བོའི་རིག་གཞུང་ལ་དོ་སྣང་བྱེད་པར་འགྲོ་དུས་དེ་སྐོར་ཁོ་རང་ཚོ་རང་གི་ངོས་ནས་བསླབ་ཤེས་མཁན་དཀོན་པོ་ཞེ་དྲག་རེད། དེ་འདྲ་ཡིན་ཙང་ཕྱག་དཔེའི་སྐོར་དང་། ཚད་མ་རིག་པའི་སྐོར། སེམས་ཁམས་རིག་པའི་སྐོར་སོགས་གང་ལ་ཡིན་ནའང་དེའི་ཤེས་ཡོན་དེ་བོད་པ་རང་ལ་ཡོད་ཙང་། བོད་པའི་ངོས་ནས་ཁོང་ཚོར་ཕར་ངོ་སྤྲོད་བྱེད་རྒྱུ་དང་། བསླབ་རྒྱུ། རྩིས་སྤྲད་རྒྱུ་སོགས་༧སྐྱབས་མགོན་རིན་པོ་ཆེས་སྔོན་མ་འདི་ལྟར་བཀའ་གནང་ཡོད་རེད། ད་ཆ་ང་ཚོས་བདག་པོ་ལ་ཕར་རྩིས་སྤྲད་དགོས་རེད། རྩིས་སྤྲོད་རྒྱུའི་ལས་འགན་དེ་ང་ཚོ་བོད་རིགས་ཚོ་ལ་ཆགས་བསྡད་ཡོད་རེད། བྱས་ཙང་རྒྱ་གར་གྱི་སྐད་ཡིག་ཁག་ལ་སྦྱངས་ནས་དགེ་བཤེས་དེ་ཚོས་སློབ་ཚན་དེ་ཚོ་རྒྱ་གར་ནང་བསླབ་ཐུབ་རྒྱུ་དང་། རྒྱ་གར་ལ་མེད་པའི་དཔེ་ཆ་དེ་ཚོ་ཡོད་པ་བཟོས་ཏེ་སྤྲོད་རྒྱུ་བཅས་གནང་དགོས་རེད་ཅེས་བསམ་གྱི་འདུག། །།

ཕྱིར་གོང་དུ་ལོག


 
css templates